ཨ་ཕའི་ལྷ་ས།

མྱུག་ཆར།        2022-04-18

ཨ་ཕ་ལྷ་སར་ཐེངས་གཅིག་འབྱོར་མ་མྱོང་ན་ཡང་།

ལྷ་ས་ནི་ཨ་ཕའི་ཚེ་ནོམ་ཡིན་ཟེར།

ཆུང་དུས་སུ།ལྷ་ས་ལྷ་ས་ཞེས་འབོད་དུས།

ལྷ་ས་ནི་ལྷ་ཡུལ་རེད་སྙམ།

ངས་ཡང་དང་བསྐྱར་དུ་བསམ་བློ་ཇི་ལྟར་བཏང་ཡང་།

ལྷ་ས་ལས་ལྷག་པའི་མཛེས་སྡུག་གི་དག་ཞིང་ཞིག་མེད་པར་བསམས།

ལྷ་ས་རུ་ངས་རང་གི་ཅི་ཞིག་ལུས་ཡོད་པ་མི་ཤེས་ཀྱང་།

ལྷ་ས་ནི་ཨ་ཕའི་ཚེ་ནོམ་ཡིན་ཟེར་བས།

ང་རང་ལྷ་ས་ལ་དགའ་ཞིང་།ལྷ་སའི་མིང་ནས་འབོད་པར་དེ་ལས་ཀྱང་དགའ།

ཡང་ལྷ་ས་ལྷ་ས་ཞེས་འབྲི་དུས།

ངས་རྨོ་མོས་བཤད་པའི་གནའ་གཏམ་ཁ་ཤས་དྲན་བྱུང་།

གནའ་གཏམ་དེ་དག་གི་ཁྲོད་དུ།

ལྷ་ས་ནི་རྣམ་ཤེས་ལ་བྱི་དོར་བྱེད་སའི་གནས་མཆོག་ཅིག་ཡིན་རབས་

བཤད་པས།

ང་རང་ལྷ་ས་ལ་ལྷག་ཏུ་དགའ་བར་གྱུར།

མ་གཞི་ལྷ་ས་ནི་ཨ་ཕའི་ལྷ་ས་ཡིན་ལ།

རྨོ་མོའི་ལྷ་སའང་ཡིན་འདུག་པས།

ངས་ལྷ་ས་ནི་བོད་མི་རྣམས་ཀྱིས།

དད་པའི་ཕྱག་གིས་སྨོན་ལམ་རྒྱག་ས་ཞིག་ཡིན་པ་ཤེས།

ཕྱིས་སུ།ངས་ལྷ་ས་དང་འབྲེལ་བའི་སྙན་ངག་མང་པོ་ཞིག་བཀླགས་པ་ཡིན།

ལྷ་ས་དང་འབྲེལ་བའི་ལོ་རྒྱུས་ཇི་སྙེད་ཅིག་ལ་བལྟས་པ་ཡིན།

ད་གཟོད་ལྷ་ས་ནི་མེས་པོའི་ཚོའི་བླ་མཁར་ཡིན་པ་ཤེས།

ལྷ་ས་ནི་དུས་ཚོད་ཀྱི་སྔ་ནུབ་ཏུ་འཐོར་ཞིག་ཏུ་སོང་བའི།

ཁེར་རྐྱང་གི་ཕོ་བྲང་ཞིག་ཡིན་པ་ཚོར།

ད་ལྟ་ད་དུང་།ཨ་ཕ་ལྷ་སར་འགྲོ་མ་ཐུབ་ནའང་།

ཨ་ཕས་ལྷ་ས་སྔར་བཞིན་ཚེ་ནོམ་ཞིག་ཏུ་སེམས་བཞིན་འདུག

ཡིན་ཡང་།ཨ་ཕ་མ་གཏོགས།

ལྷ་ས་ནི་རང་གི་ཚེ་ནོམ་དུ་རློམ་མཁན་ཇེ་ཉུང་དུ་འགྲོ་བཞིན་འདུག།

ངས་མིག་ཟུང་བཙུམས་ནས་ལྷ་ས་དྲན་ན།

ཡིད་ངོར་བུམ་པ་རིའི་རྒྱབ་མདུན་ཡོངས་སུ་ཤར་ཞིང་།

ལོ་རྒྱུས་ཀྱི་རྒས་གཉེར་བརྩིགས་པའི་ལྷ་སའི་ཕོ་བྲང་ན།

ཁུ་སིམ་མེར་བཞུགས་པའི་ལྷ་ཚོགས་ཀྱིས།

འུར་ཟིང་ལ་གཡེང་བའི་མི་རྣམས་བསྐྱུར་ནས།

སུས་ཀྱང་མི་ཤེས་པའི་རྒྱང་རིང་ཞིག་ཏུ་ཕེབས་བཞིན་ཡོད་སྣང་ཤར།

ཡིན་ཡང་།ཨ་ཕས་ལྷ་ས་ནི་ཚེ་ནོམ་ཡིན་ཟེར་བས།

ལྷ་ས་ནི་ཨ་ཕའི་ལྷ་ས་ཡིན་ལ།

ང་ཡི་ལྷ་ས་ཡང་ཡིན་པས།

ལྷ་ས་ནི་ང་ཡི་ཚེ་ནོམ་ཡིན་ལ།

ང་ཚོའི་ཚེ་ནོམ་ཡང་ཡིན་པ་དྲན་ན།

ལྷ་སས་ང་ཚོ་བསྐྱུར་མི་སྲིད་ལ།

ང་ཚོས་ཀྱང་ལྷ་ས་བརྗེད་ག་ལ་རུང་ཨང་།

  • ལེ་ཚན་སྔོན་མ།:ཟླ་འོད་འོག་གི་གླུ་ཆུང་།
  • ལེ་ཚན་རྗེས་མ།:ཐོལ་བྱུང་ཤོར་བའི་ངག་མགུར།