ཐོལ་བྱུང་ཤོར་བའི་ངག་མགུར།

སྐྱ་ཀུན་བཟང་དར་རྒྱས།        2022-04-18

ལུས་འཇོ་སྒེག་དབྱངས་ཀྱི་པད་མོ་སྟེ།།

གླུ་སྙན་མོ་སྟོང་ལས་འོད་ལམ་ལམ།།

བརྗོད་མི་བཏུབ་ཚིག་གི་སྐྱེས་ཚལ་དུ།།

མདངས་སྣ་བརྒྱ་ཅན་གྱི་ཆར་པ་ཐོར།།

དེ་མ་ཟད་གར་གྱི་བང་མཛོད་དུ།།

ངག་འདར་འདར་ཁྲོད་ཀྱི་སྐྲ་ལོ་འཁོར།།

བཟོད་མི་ནུས་ཚོར་བའི་རླབས་རིས་ནས།།

ཕར་བལྟས་ན་དྲོད་ཀྱི་ལྟེ་བ་རེད།།

ཚུར་ཕྱོགས་ན་ཏོག་གི་ཉི་ཟེར་ཏེ།།

སེམས་སྒྱུ་མས་བཟི་བའི་སྙན་ངག་པས།།

ལུས་དོན་ལྔ་སིང་སིང་འདར་ཞོར་དུ།།

དཔེ་དཔེ་ཅན་ཀླས་སུ་ཁྱོད་ཉིད་བརྩུ།།

གཟུགས་གཟུགས་ཅན་ནང་ཁོག་ཡང་དུ་བསུ།།

ས་མཐོན་པོ་ལྷམ་པའི་ཁ་བའི་ལྗོངས།།

ལྕགས་ངོ་གཉིས་གསོལ་བའི་ཆ་ལུགས་ཅན།།

ཤ་རུས་པ་ཟད་བའི་རླངས་པ་རུ།།

ཤད་ནག་ནོག་ཁྱུ་དག་སྒུར་སྒུར་བྱེད།།

ལོ་ནམ་ཟླས་བསྐྱལ་བའི་རྨི་ལམ་ཡང་།།

ལག་སྒྱུ་འཕྲུལ་ཡིན་ན་དགའ་བ་ལ།།

མིག་རྣོན་པོ་ཁྲོས་པའི་རྒྱང་རིང་ཡལ།།

ལས་ཁ་ལག་རྒོད་པའི་རྩ་ལམ་འུར།།

རི་ལུང་པ་ཟེར་ནས་ཁྱོད་བརྔད་ན།།

འདི་ཞེས་པ་སྟོང་པའི་ཞལ་རས་ཏེ།།

མགོ་འོད་ཟེར་ཅན་ལས་བྲོས་ཐབས་དབེན།།

ཤ་ཤ་ལ་སྦྱར་ན་མ་མཐོང་ཐལ།།

ལན་མང་དུ་རབ་བྱེད་ཐོགས་པ་ཡི།།

ལྷ་དབྱངས་ཅན་བུ་མོ་ཞིག་བཞིན་དུ།།

སྟོད་ཉི་མའི་མདུན་གྱི་སྐྱེ་ཀས་ཀྱང་།།

ལུས་ཕྱི་ནང་བསྣོར་ནས་པི་ཝང་དཀྲོལ།།

འཁྲུལ་ཆེ་བའི་ལག་ཟོམ་དལ་དུ་འཆལ།།

འདི་ཟེར་ན་རྫུན་གྱི་ལེའུ་རེད།།

ཁྱོད་ཡིད་འོང་པ་ཡིས་རོལ་དུ་གསོལ།།


  • ལེ་ཚན་སྔོན་མ།:ཨ་ཕའི་ལྷ་ས།
  • ལེ་ཚན་རྗེས་མ།:ནགས་མའི་ཚལ་ནས་ཟླ་བ་བཟུང་བ།