ཟླ་འོད་འོག་གི་གླུ་ཆུང་།

བྲན།        2022-04-18

ཆུ་བོའི་གཞུང་ལ་འཕྲོས་པའི་སྐར་འོད་དང་། །

མཁའ་ཡི་རི་བོང་འཛིན་པའི་མཛེས་པ་ཟུང་། །

ལྗོན་པའི་གྲིབ་བསིལ་འོག་ནས་མཐོང་བའི་ཚེ། །

ཕྱི་མིར་གཉོམ་པོ་མཚོ་མོའི་ངོགས་སུ་ཤོར། །

ཡིད་ལ་སྨིག་རྒྱུ་འཐིབས་པའི་ཀློང་ཡངས་ནས། །

ལན་འགར་གཡོ་བའི་བདག་གི་རི་དྭགས་མིག །

ཞོགས་པའི་ཟིལ་བ་ཡིན་པས་ཉི་འོད་ལ། །

འདྲོགས་ནས་གར་སོང་ཆ་མེད་ཉིད་དུ་གྱུར། །

དེ་རིང་སེམས་ཀྱི་སྒོ་གླེགས་ཕྱེ་པའི་ཚེ། །

ཡིད་ཀྱི་དར་ཐག་དཔྱངས་པའི་སྣེ་མོ་རུ། །

ཤུགས་ཀྱིས་འཇུ་བ་སྡོམ་རྒྱའི་སྐུད་པ་ལྟར། །

རི་མོ་བྲིས་པའི་ཚུལ་དེ་ཡང་བསྐྱར་རྙེད། །

ཚོར་རྟོག་སྣང་བའི་ཤིང་གི་གྲུ་ཆུང་དེ། །

སེམས་ཀྱི་ཁྲག་རྒྱུན་འཕྱོ་བའི་རླབས་དང་བསྟུན། །

རིགས་ཀྱི་འདུ་ཤེས་གཙང་བའི་སྡེ་གྲོང་བཞིན། །

སྟག་ལུང་རི་བོ་འགྱིང་བའི་ཤོད་ན་ཡོད། །

རླུང་གིས་གེ་སར་འདབ་ལ་རེག་པ་བཞིན། །

ལག་ཆུང་པདྨོ་འདར་བའི་ཕྱག་བྲིས་གཟུགས། །

སྤང་དཀར་ཤོག་བུའི་ངོས་སུ་བཀྲམ་པ་འདིས། །

བརྗོད་མེད་བརྩེ་བའི་ན་དཱ་ཨ་ལ་ཐིམ། །

ཆུ་བོའི་གཞུང་ལ་སྐར་ཚོགས་འཕྲོས་པའི་འོད། །

ཡིད་ཀྱི་རྨི་ལམ་ཁྱེར་བའི་མགྲོན་པོ་ཡིན། །

དབེན་པའི་ལྷིང་འཇགས་སྲུང་བའི་དམ་ཚིག་ཡིན། །

སྒོམ་ཆེན་ཐུགས་ལ་འབྱོར་བའི་ཉམས་རྟོགས་ཡིན། །

དབྱིངས་ན་རྩེན་པ་ཟླ་བའི་དཀྱིལ་འཁོར་དེ། །

ཀུབ་རྫོབ་སྣང་བའི་ངོས་ཀྱི་རི་མོ་ཡིན། །

རྟག་བརྟན་ཐེར་ཟུག་མིན་པའི་མཚོན་བྱེད་ཡིན། །

སྒྲིབ་གཉིས་སྤྲིན་བྲལ་མིན་པའི་བརྡ་རྟགས་ཡིན། །

ལྗོན་པའི་གྲིབ་བསིལ་ལ་སོགས་སྨིག་རྒྱུའི་ཚོགས། །

རང་སེམས་བག་ཡོད་བསྟེན་པའི་འཁར་བ་ཡིན། །

རྩྭ་རྩེར་ཆགས་པ་ཞོགས་པའི་ཟིལ་བ་ལྟར། །

འདུས་བྱས་མི་རྟག་སྟོན་པའི་མཁན་པོ་ཡིན། །

ཧོ་ཧོ་གྲུབ་ཆེན་སྨྱོས་པའི་མགུར་དབྱངས་མིན། །

ཧ་ཧ་བླུན་པོ་བགད་པའི་ཚུལ་འཆོས་མིན། །

བྱ་བྱེད་ཀུན་ནས་འགལ་བའི་མགུར་ཆུང་འདི། །

གཅིག་པུར་གནས་པའི་སྐབས་ཀྱི་བསམ་གཞིག་ཡིན། །


  • ལེ་ཚན་སྔོན་མ།:རང་གི་སློབ་བུ་ཚོར་ཕུལ་བའི་ཀ་རྩོམ་ངག་གི་རོལ་མོ།
  • ལེ་ཚན་རྗེས་མ།:ཨ་ཕའི་ལྷ་ས།