གཅེས་པའི་མེ་ཏོག

སྐྱ་ཀུན་བཟང་དར་རྒྱས།        2022-04-26

ཚིག་ཇ་བསྐོལ་ནས་ཁོལ་བྱུང་།།

ཉི་མའི་འཇའ་ལ་ཅེར་རོགས།།

སང་ཉིན་རླུང་དུ་ཐིམ་པ།།

ང་དང་ཁྱོད་ཀྱི་རྨི་ལམ།།

ཡང་ན་དཀར་ཡོལ་ངོས་སུ།།

གཟིམས་པའི་ལེའུ་མཐའ་མ།།

ལ་ཆུང་ལུང་ཆུང་རེ་ལ།།

སྤྲིན་གྱི་ངོ་པགས་ཐོགས་འདུག།

ཡང་ཡང་སྒུག་པའི་སྣང་བ།།

ཡེ་ནས་དྭངས་རྒྱུ་མི་འདུག།

ཕར་འཁོར་སྙིང་གི་ཟླ་བ།།

དབྱངས་མའི་དབུ་རུ་ཡིབ་ཚེ།

སྟོན་ཟླ་འདྲེན་པའི་རྩྭ་སྐྱ།།

རང་མལ་ནང་ནས་འདར་སོང་།།

དབེན་པའི་རི་ཁྲོད་ཅེས་པ།།

སེམས་པས་ང་ལ་བརྗོད་བྱུང་།།

གྲོང་ཁྱེར་འཁྱར་པའི་རྣམ་ཤེས།།

མཚན་ཞག་གཉིད་དུ་མ་ཡུར།།

ཡར་གྱི་ལྕམ་གསེབ་ནང་དུ།།

ཅི་ཞིག་འགྲོ་བ་དྲན་གྱིན།།

མར་གྱི་སྒོ་ཐེམ་ཐོག་ཏུ།།

ཅི་ཞིག་ཤར་བ་བསམ་བཞིན།།

རང་སེམས་བདེ་བའི་ངང་དུ།།

སྐྱིད་པོར་ཉལ་དབང་མ་བྱུང་།།

རབ་བྱེད་མུ་ཏིག་འདྲ་པོ།།

ཕྱི་ནས་ནང་དུ་བྲིས་ཤིང་།།

ནང་ནས་ཕྱི་རུ་བྲིས་ཀྱང་།།

ང་ལ་དགོས་པའི་འདོད་ལོ།།

ད་དུང་ཚིམ་རྒྱུ་མི་འདུག།

ད་ཡང་སྨྱོ་པ་ཞིག་བཞིན།།

རྫུན་མའི་སྨྱོ་པ་ཞིག་བཞིན།།

གློག་རིས་དོབ་དོབ་དབུང་དུ།།

བརྒྱ་རྩ་བརྒྱད་ཅེས་གླེང་ཞོར།།

གསེར་གྱི་ག་འུའི་ནང་ནས།།

གཞོན་པའི་གངས་རི་གློང་ངོ་།།



  • ལེ་ཚན་སྔོན་མ།:འཁོར་བ།
  • ལེ་ཚན་རྗེས་མ།:དགུན་གཞུང་གི་མཚན་མོ།