བཞག་ཚ། 2022-04-26
གྲང་བའི་རླུང་བུ་འུར་འུར་ལྡང་བ་ན།།
ལུས་ཀྱི་བ་སྤུ་དལ་བུ་གཡོ་ཙམ་འགུལ།།
གླིང་བུ་བུས་པའི་དབྱངས་ལ་སྐྱོ་བ་འཁོར།།
གསལ་ཙམ་མི་གསལ་མཚན་གྱི་རུམ་ཁུག་ན།།
དོ་ནུབ་ཟླ་བ་སྤྲིན་གྱི་རུམ་ནས་ཚེས།།
འོད་དང་མུན་པའི་བར་ནས་ཉ་རྒྱས་གསལ།།
རི་བོང་གཟུགས་ཀྱི་རི་མོ་ནང་དུ་ཉལ།།
བདག་གི་སྒེའུ་ཁུང་རྒྱབ་ཏུ་ཁ་བ་འབབ།།
ཟླ་བའི་འོད་དང་ལྷན་དུ་གཉིས་ཀ་འབབ།།
དགུན་གྱི་གྲང་རླུང་རྒོད་པོ་ཤུགས་ཀྱིས་ལྡང་།།
གྲང་རླུང་རྒོད་པོ་དེ་ལ་སྐྱོ་གཞས་འཁོར།།
ཤི་མ་གསོན་གྱི་ཁོ་བོ་དགོད་ཅིང་ངུ།།
ཁ་བ་སིམ་སིམ་རི་ལ་འབབ་པ་ཡག།
རི་བོ་ལ་སོགས་དཀར་བའི་རང་མདངས་མངོན།།
རི་ལ་མཐོ་དམའ་ཁ་བ་གངས་རི་འདྲ།།
ཆུ་ལ་ཆེ་ཆུང་ཆབ་རོམ་མེ་ལོང་ཅན།།
རླུང་བུ་བསིལ་ཙམ་བསིལ་ཙམ་ལྡང་བ་ན།།
ཤ་དང་ཁྲག་གི་ལུས་ལ་གྲང་ངར་རྒོད།།
བདག་གི་སྒེའུ་ཁུང་རྒྱབ་ཏུ་དགུན་གཞུང་ཡིན།།
རྩོམ་གསར། 10