ཨ་ལ་ལ་ཟླ་བ་སྒྲོལ་མ།

ལུག་རྫི།        2022-05-07

ཨ་ལ་ལ་ཟླ་བ་སྒྲོལ་མ།

མདོག་ལེགས་གངས་ཀྱི་འཛུམ་ཞལ་སྒོར་འཁྱིལ་ལེར། །

དྭངས་གསལ་སྤྱན་མིག་སྐར་ཆེན་ཁྲ་ཆིལ་ལེ། །

རང་བྱུང་མཛེས་རྒུ་གཅིག་བསྡུས་རྫོགས་པའི་སྐུ། །

བདག་ཡིད་མཁའ་ལ་འགོག་མེད་ལེགས་འཆར་རུང་། །

འདྲེན་བྱེད་ཡུལ་གྱུར་ཞལ་འཛོམས་སྐལ་བས་ཕོངས། །

མཚན་གཞུང་མཁའ་ལ་སྒྱུ་སྐར་བཞིན་བཀྲ་བའི། །

ཡིད་འོང་གཞོན་ནུའི་ཞལ་ཁྱིམ་རྟ་ལྗང་གིས། །

ཡིད་དགའི་ཆུ་སྐྱེས་ལྷུག་ལྷུག་གྲོལ་བྱེད་ཅིང་། །

སྡུག་བསྔལ་མུན་པ་མཐའ་དག་སྐྲོད་བྱེད་པའི། །

ཞལ་མཐོང་ཡིད་དགའི་ཚོར་བ་སློང་མཁས་མ། །

གང་ན་ཡིད་འོང་ཡུལ་ཞིག་མཆིས་གྱུར་པ། །

དེ་ལ་དབང་ལྔ་གཡོ་བ་ཆོས་ཉིད་དེ། །

དེ་བཞིན་བདག་ཀྱང་ཡི་གར་འོང་བའི་ཆོས། །

མཐོང་ཚེ་དགའ་བའི་རླབས་ཕྲེང་ཅིས་མི་འཕྱུར། །

ཡིད་ཀྱི་བུ་ཆུང་མྱོས་པའང་སུ་ལ་གསང་། །

མཐོང་བའི་མོད་ལ་ཡིད་བརྟན་དབང་མེད་དུ། །

གཡོ་བྱེད་འཕྲུལ་དང་ལང་ཚོའི་མེ་ཏོག་ཚོགས། །

སྨན་ཆུང་ཁྱོད་ལུས་སྤང་གར་མ་མཆིས་ཀྱང་། །

དགོད་སྒྲའི་ཀློང་ནས་གློད་པའི་ཚིག་འབྲུ་ཡིས། །

ཡིད་ཀྱི་བེའུ་གཟུགས་ཅན་བཞིན་དུ་དྲངས། །

འཕགས་མ་སྒྲོལ་མས་འཁོར་བའི་དོང་ཞབས་ན། །

སྡུག་བསྔལ་ཟས་སུ་བསྟེན་རྣམས་ཕྱག་ཟུང་གིས། །

ཡར་འདྲེན་བདེ་བའི་དཔལ་ལ་འགོད་པ་བཞིན། །

སྔོན་སྨོན་མཐུ་ཡིས་མཛའ་གཅུགས་གསེར་གྱི་ཟམ། །

ངང་གིས་ཆགས་ལ་ཚེ་མཇུག་འགྲོ་འོང་བྱོས། །

ཚངས་དབྱངས་ཟིལ་གནོན་སྙན་པའི་གསུང་སྒྲོག་མ། །

མཇལ་འདོད་བློ་ལ་འགྱུར་མེད་ལྷུན་པོའི་ཟླ། །

ཐུག་འཕྲད་དུས་བཟང་སྒུག་ལ་བྲེལ་ཆེན་ངས། །

ལས་འགན་ཡོངས་སུ་གྲུབ་རྗེས་མཁའ་ལམ་ལམ། །

ས་ལམ་གཤགས་ནས་ཁྱོད་དྲུང་འཚམས་འདྲིར་འོང་། །

བསམ་ཚད་གཟུགས་སུ་འབེབས་ལ་མཐུ་ཆུང་བས། །

བཤད་འདོད་སྐད་ཆ་མགྲིན་པར་འཚང་ག་རྒོད། །

སྐབས་བབ་སེམས་གཏམ་སྙན་དྲུང་གསོལ་བ་ལ། །

ཐུགས་སུན་མ་གནང་ཀུན་ཀྱང་བཅོས་མིན་གྱི། །

ཚོར་བས་དེད་པའི་སེམས་ཀྱི་བྱ་མ་རྟ། །



  • ལེ་ཚན་སྔོན་མ།:ན་བུན་ལྟ་བུའི་སེམས་འགྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།