སློབ་གྲོགས་བུ་མོ་ཞིག་ལ་གསོལ་པ།

མདའ་ཅང་ཤེས།        2022-05-05

མི་ནུབ་མཁའ་རུ་བྲིས་པའི་སྤྲིན་དཀར་དང་།།

དྭངས་གསལ་ལོ་ཟླའི་རི་ཆུ་གཤེགས་པ་ན།།

སྙིང་དབུས་གདུང་སེམས་བསྐྱེད་པའི་

བས་མཐའ་རུ།།

དམ་ཚིག་ཆུ་དང་འདྲེས་པའི་སྐྱོ་གར་གྱིས།།

ཚིག་གི་རོལ་མོ་ཇི་སྲིད་དཀྲོལ་པའི་མུར།།

དེ་སྲིད་ལ་མོ་བརྒྱབ་ཀྱི་ཕ་རོལ་ཏུ།།

ཞེ་འདང་ཟླ་བ་ཚེས་པའི་བུ་མོ་ཞིག།

མིག་ཟུང་སྐར་ཆེན་དང་བཅས་རྨི་ལམ་གྱི།།

ལས་ཀྱི་ཁ་ཡིག་བཏེགས་པའི་འཇའ་ཚོན་ངང་།།

དུངས་སེམས་ཆར་དུ་སྤྲུལ་པ་བདེན་ལགས་ན།།

དར་ཅིག་ཞེ་ཡི་སྨྲེང་བའི་རྡུལ་དག་པའི།།

ཞལ་རས་འཛུམ་གྱིས་ཁེངས་བཞིན་

ཚུར་ཕེབས་སམ།།

ང་ཡི་གདུང་སེམས་འཁོར་བའི་མཐའ་ཟད་པའི།།

འཛུམ་ལ་འཛུམ་པའི་ལན་གྱི་འོད་ཡོད་ན།།

སྣང་བ་བརྩེ་བས་བཏབ་པའི་ཚིག་གི་དབྱངས།།

མ་གཡེལ་དུས་གསུམ་ཀུན་ཏུ་

ཁྱོད་བཤད་ཆོག།

མ་ཡེ་འཛོམས་པའི་བུ་མོ་དུངས་སེམས་ཅན།།

ལས་འཕྲོ་སྲིད་པའི་ཐིག་འདི་འཁྱོག་མེད་ན།།

ཚུར་རོལ་ལག་ཟུང་བསྣོལ་པའི་

ཐག་པ་འདི།།

གཏན་དུ་ཁྱེད་དང་སྦྲེལ་པའི་རྨི་ལམ་འཁོར།།

མཚན་མོར་མུན་པའི་ཁ་ཞེང་

གཅིག་ཏུ་མཆེད།།

ཞེ་རུ་ཁྱེད་རང་འཐོབ་པའི་ངང་སྒུག་ལྷག།

དྲན་གདུང་ཆུ་རུ་བཞུར་དགོས་མ་ཐུག་ཀྱང་།།

སྟོང་བསམ་ཡིད་ཀྱི་ཐིག་ལེ་ཁྱོད་ཕྱོགས་ཤོར།།

མིག་ཟུང་རི་དྭགས་བཞིན་

དུ་འདྲོགས་སོང་ངོ་།།

འཚབ་སྣང་སྤྲིན་ཕུང་བཞིན་དུ་

ལྡིང་སོང་ངོ་།།

ལོ་ངོ་སྟོང་ལ་སྒྲུབ་པའི་

སྙན་ངག་པའི།།

ངག་གི་མགྲིན་པ་ཁྱོད་ཀྱིས་འགག་པར་བྱས།།

གཤིས་ལ་འཇམ་པའི་ལྷོད་ལ་ཆུ་ལྟར་དྭངས།།

གདོང་ལ་མཛེས་པའི་མེ་ཏོག་

རབ་ཏུ་དགོད།།

ཨ་ལན་ཚིག་གི་རོལ་མོའི་སྙན་ཆ་དེ།།

བསྐལ་བར་ང་དང་འགྲོགས་

འདོད་ཆགས་པའི་སེམས།།

མ་ཐུབ་ཁྱེད་དང་གཤིབ་པའི་

ཉིན་དང་མཚན།།

དུངས་ཞེན་འཛུམ་གྱིས་འཁོར་

བའི་མིག་ཟུང་གིས།།

གཏན་གྱི་ལྷ་ལ་བཅོལ་པའི་ལས་སྐལ་འདི།།

མ་བཤད་ཚིག་ཏུ་བྲིས་ཀྱང་ཆོག་པ་ལ།།



  • ལེ་ཚན་སྔོན་མ།:བཅད་ཤེས་ལྟ་བུའི་སྙན་ངག
  • ལེ་ཚན་རྗེས་མ།:མཚན་གུང་གི་འཁུན་སྒྲ།