ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས།

    མི་དམངས་ཉིན་རེའི་ཚགས་པར།    2022-05-16

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ལི་ཁེ་ཆང་དང་།ལི་ཀྲན་ཧྲུའུ། ཝང་དབྱང་།ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས།

སྤྱི་ཟླ5པའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས།

སྤྱི་ཟླ5པའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཚེས10ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལང་ཚོ་ནི་རྫོགས་མཐའ་མེད་པའི་རེ་བ་གསོ་སྐྱོང་བྱེད་རྐྱེན་ཡིན་པར་བརྟེན།གཞོན་ནུ་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་སྐྱེ་བའི་གོ་སྐབས་བཟང་བ་དང་། འགན་འཁྲི་ལྕི་པོ་ཕྲག་ཏུ་འབབ་ཡོད་ལ། འཇོན་ཐང་ངོམ་པའི་གར་སྟེགས་ཡངས་པ་དང་ཕུགས་འདུན་མངོན་འགྱུར་གྱི་མདུན་ལམ་ཡངས་ཤིང་འོད་སྟོང་ལྡན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ལྟ་བུ་ཡིན་པས། དེང་རབས་ཀྱི་གཞོན་ནུ་ཚོས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འགྲན་ལམ་ཐོག་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱ་དགོས། གུང་གཞོན་ཚོགས་པས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་གི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རང་རྟོགས་ངང་འགན་འཁྲི་གཙང་སྒྲུབ། རྒྱ་ཆེའི་གཞོན་ནུར་བརྩེ་སེམས་འཆང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་ཚོགས་པ་དང་གཞོན་ནུར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་པ་དང་། ལང་ཚོའི་སྒུལ་ཤུགས་དང་གསར་གཏོད་བྱེད་ནུས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་དཔྱིད་ཀྱི་རླབས་རྒྱུན་དགུང་དུ་འཕྱུར་བ་དང་། ལང་ཚོའི་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་གུང་གཞོན་ཚོགས་པ་ཀྱི་ཚོགས་མི་དང་། རིམ་ཁག་གུང་གཞོན་ཚོགས་པའི་རྩ་འཛུགས། ཚོགས་པའི་ལས་བྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།


ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་དོ་ཁུར་གྱི་མིག་ཟུང་གཞོན་ནུ་ཚོར་ཕྱོགས་པ་དང་གསར་བརྗེའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། ལོ་བརྒྱའི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་གུང་གཞོན་ཚོགས་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གཞོན་ནུའི་མདུན་གྲལ་དུ་བསྐྱོད་དེ་གཞོན་ནུ་མི་རབས་ནས་མི་རབས་ལ་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་རྗེས་སུ་དམ་པོར་འབྲང་རྒྱུར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ལ་བརྩོན་ལེན། རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ཁྲོད་དཔའ་ངར་ཆེར་བསྐྱེད་ཀྱིས་ལང་ཚོའི་ལེའུ་བརྩམས་ཡོད། ལོ་བརྒྱའི་རིང་ཀྲུང་གོ་གུང་གཞོན་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱས་པར་མ་ཟད། རྒྱ་ཆེའི་ཚོགས་པ་དང་གཞོན་ནུར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་ལྷག་བསམ་མངོན་པ་དང་། མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུར་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ། ལོ་རྒྱུས་མདུན་སྐྱོད་ཀྱི་དེབ་ཐེར་ནང་གཟི་བརྗིད་ལྡན་པའི་བྱས་རྗེས་བཀོད་ཡོད། ཀྲུང་གོ་གུང་གཞོན་ཚོགས་པ་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་གདོང་ལེན་རུ་ཁག་ངོ་གནོང་མི་དགོས་པ་ཞིག་དང་། ཏང་གི་ལྷག་བསམ་རྣམ་དག་གི་ལས་རོགས་དང་བློས་འཁེལ་ཆོག་པའི་རྗེས་གྲབས་དམག་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ནི་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ལོ་བརྒྱའི་རིང་གུང་གཞོན་ཚོགས་པའི་ཕུགས་བསམ་བརྟན་པོ་དང་འགྱུར་མེད་དམ་བཅའ་ལས་རྩ་ཆེའི་ཉམས་མྱོང་གྲུབ་ཡོད། ལོ་བརྒྱའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གུང་གཞོན་ཚོགས་པས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རང་ཚུགས་ཀྱི་རྩ་བ་དང། གུང་གཞོན་ཚོགས་པས་ཕུགས་བསམ་དང་དད་སེམས་བརྟན་སྲུང་གི་ཆབ་སྲིད་ཀྱི་བླ་སྲོག། གུང་གཞོན་ཚོགས་པ་མི་རིགས་བསྐྱར་དར་ནང་ཞུགས་པའི་འབད་འབུངས་ཀྱི་སྟོབས་ཤུགས། གུང་གཞོན་ཚོགས་པ་རྒྱ་ཆེའི་གཞོན་ནུའི་ཁྲོད་རྩ་བ་ཚུགས་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་བཏོད་ཡོད། འདི་ནི་གུང་གཞོན་ཚོགས་པས་འབྱུང་འགྱུར་ལ་ཕྱོགས་ནས་སླར་ཡང་བྱས་རྗེས་གསར་པ་འཇོག་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གཞོན་ནུ་ཚོར་མཐུན་སྒྲིལ་དང་སྒྲིག་འཛུགས། སྐུལ་སློང་བཅས་སྔར་བས་ཡག་པོ་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ཇི་ལྟར་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་ལ་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པ་ལ་རེ་བ་ཁག་བཞི་བཏོན་པ་སྟེ། དང་པོ། ཏང་ལ་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུའི་བསམ་བློ་ཡར་ཐོན་ལ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་སློབ་གྲྭ་ཞིག་ཏུ་འགྱུར་བར་བྱ་དགོས། ཆབ་སྲིད་ལ་གཞི་ཚུགས་པ་དང་བསམ་བློར་དམ་འཛིན། གཞོན་ནུའི་ཁྱད་ཆོས་དང་བསྟུན་པ་བཅས་བྱས་ཏེ་ཁོ་ཚོར་སྔ་ཙམ་ནས་ཕུགས་བསམ་འཆང་བ་དང་ཕུགས་བསམ་ཆེན་པོ་འཆང་རོགས་བྱེད་པ། སེམས་གཏིང་ནས་ཏང་ལ་ཡིད་ཆེས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གདེང་ཚོད་ཁེངས་པ། མར་ཁེ་སི་རིང་ལུགས་ལ་དད་སེམས་ལྡན་པ་བཅས་བྱ་དགོས། ཏང་གི་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདིར་གཞི་ཚུགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་བསམ་བློའི་སློབ་གསོ་དང་ལག་ལེན་གྱི་སྦྱོང་བརྡར་ཁྲོད་ཀྲུང་གོ་བ་ཞིག་བྱེད་པའི་སྙིང་སྟོབས་དང་། དཔའ་སྟོབས། བློ་སྟོབས་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱ་དགོས། གཉིས་པ། རང་རྟོགས་ངང་འགན་འཁྲི་གཙང་སྒྲུབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཡུན་རིང་འབད་འཐབ་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱ་དགོས། རྒྱ་ཆེའི་ཚོགས་པ་དང་གཞོན་ནུ་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་།“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། འགན་འཁྲི་དང་ལས་འགན་འཁུར་བ་བཅས་བྱས་ཏེ། དུས་རབས་གསར་པ་དང་གནམ་ས་གསར་པར་ཕུགས་བསམ་དོན་གཉེར་དང་བྱས་རྗེས་བཞག་ནས་རླབས་ཆེན་གྱི་ཕུགས་བསམ་དོན་གཉེར་དང་རླབས་ཆེན་གྱི་བྱ་གཞག་སྒྲུབ་མཁན་གྱི་གསོན་ཤུགས་དམག་བྱ་དགོས། གསུམ་པ། རྒྱ་ཆེའི་གཞོན་ནུར་བརྩེ་སེམས་འཆང་བ་དེ་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་བརྟན་ཤོས་སུ་འགྱུར་བར་བྱ་དགོས། གཞོན་ནུར་ཞབས་འདེགས་ཞུ་བའི་ལས་ཀའི་སྲོག་རྩར་དམ་པོ་དམིགས་ནས་ཏང་གིས་སྲིད་སྐྱོང་བའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་གཞོན་ནུ་ཚོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། རང་འགུལ་ངང་གཞོན་ནུ་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་གཞོན་ནུ་ཚོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་གཞོན་ནུ་ཚོར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱ་དགོས། བཞི་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་དམ་པོར་འབྲང་བའི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་སྔོན་ཐོན་རྩ་འཛུགས་སུ་འགྱུར་བར་བྱ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་དེ་གུང་གཞོན་ཚོགས་པའི་བཅོས་བསྒྱུར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། གཞོན་ནུའི་བསམ་བློ་ཁོང་དུ་ཆུད་མཁས་པོ་བྱས་ནས་གཞོན་ནུའི་ལས་ཀ་དང་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་ཏེ། ཚོགས་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཐོག། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུར་སྣེ་ཁྲིད་བྱས་ནས་གཞོན་ནུའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏང་དགོས། རང་རྟོགས་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་བྱེད་ཐབས་དང་རང་རྟོགས་ངང་ཡང་ཡང་བསྡུར་ནས་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་ནན་ལ་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚོགས་པའི་དོ་དམ་དང་བཅོས་སྐྱོང་ནན་དུ་བཏང་སྟེ། ཕྱོགས་ཡོངས་དང་ཚད་གཞི་མཐོ་བའི་འཛུགས་སྐྱོང་བྱེད་རིང་གུང་གཞོན་ཚོགས་པའི་དཔའ་ངར་ཆེར་བསྐྱེད་དང་ཡར་ཐོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱ་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཡར་རྒྱས་བརྩོན་ལེན་ནི་གཞོན་ནུའི་རྩ་ཆེ་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན་ལ། ཏང་དང་མི་དམངས་ཀྱི་རེ་བ་ཆེ་ཤོས་ཀྱང་རེད། དུས་རབས་གསར་པའི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་ཚོས་ཕུགས་བསམ་ཆེན་པོ་དང་དད་སེམས་བརྟན་པོའི་དཔེ་བཟང་བ་ཞིག་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་འཆང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏང་དགོས། སྙིང་རུས་ཆེན་པོས་སློབ་སྦྱོང་དང་འབད་འབུངས་གསར་གཏོད་ཀྱི་དཔེ་བཟང་བ་ཞིག་བྱས་ནས་སྣེ་ཁྲིད་དེ་ལས་གནས་ལ་གཞི་ཚུགས་པ་དང་། འཇོན་ཐང་སྦྱོང་བ། སྔོན་གཏོད་ལེགས་བརྩོན་བཅས་བྱས་ཏེ་ལས་རིགས་ཀྱི་རྐང་འཛིན་པ་དང་གཞོན་ནུའི་གདོང་ལེན་པར་ཧུར་ཐག་འགྱུར་བར་བྱ་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔེ་བཟང་བ་ཞིག་བྱས་ནས་སྣེ་ཁྲིད་དེ་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་གྱིས་ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། གདོན་འདྲེར་མི་སྐྲག་པ། དཀའ་ངལ་ལ་དཔའ་མི་ཞུམ་པ་བཅས་བྱ་དགོས། དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དཔེ་བཟང་བ་ཞིག་བྱས་ནས་སྣེ་ཁྲིད་དེ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཏན་ཏན་ཏིག་ཏིག་དང་དམ་པ་དོན་གཉེར། དཀའ་བ་སྔོན་ལ་སྤྱོད་པ་དང་བདེ་བ་རྗེས་སུ་མྱོང་བ་བཅས་བྱས་ཏེ་ནམ་ཡང་བཙའ་མི་རྒྱག་པའི་གཅུས་གཟེར་ལྟ་བུ་ཞིག་བྱ་དགོས། བཟང་བཀུར་དགེ་ཕྱོགས་དང་སྒྲིག་ཁྲིམས་ནན་པོ་སྲུང་མཁན་གྱི་དཔེ་བཟང་བ་ཞིག་བྱས་ནས་སྣེ་ཁྲིད་དེ་བཟང་སྤྱོད་རྟོགས་པ་དང་སྤྱི་སྤྱོད་སྲུང་བ། རང་སྤྱོད་ནན་པོ་བཅས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་ནན་པོ་དང་ཚོགས་པའི་ཚོགས་མིའི་འོས་འགན་ལག་བསྟར་ནན་པོ་བྱ་དགོས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་ཚོས་ཆབ་སྲིད་ཀྱི་སྦྱོང་བརྡར་དང་ལེན་ནན་ཏན་དང་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཕྱོགས་སུ་ལངས་ནས་ཚད་དང་མཐུན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་དམིགས་ཡུལ་དང་གཟི་བརྗིད་ལ་བརྩི་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཚོགས་པ་ལས་བྱེད་པ་ཚོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་པོ་བཅངས་ནས་ཕུགས་བསམ་རིང་ལུགས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་གཏོད་དགོས། རང་རྟོགས་ངང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་དང་མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཅངས་ནས་རྒྱ་ཆེའི་གཞོན་ནུ་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་གཞོན་ནུ་ཚོའི་གྲོགས་པོ་བྱེད་པ་ལས་གཞོན་ནུ་ཚོའི“དཔོན་པོ”བྱེད་མི་རུང་། གཞོན་ནུའི་ཆེད་དུ་བསམ་བློ་མང་ཙམ་གཏོང་བ་ལས་རང་དོན་ཉུང་ཙམ་གཉེར་དགོས། འགན་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་ལས་དོན་སྤྱོད་ཚུལ་སྐྱེད་སྲིང་བྱས་ནས་སྟོང་གཏམ་མི་ཤོད་པར་དོན་དངོས་མང་ཙམ་སྒྲུབ་པ། དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་གཞི་རིམ་གྱི་ལས་གྲྭ་དང་པོར་བསྐྱོད་ནས་དཀའ་སྡུག་དང་དཀའ་ངལ། ལས་འགན་ལྕི་པོ། ཉེན་ཁ་བཅས་འཁུར་ཕོད་པ་བྱས་ནས་བདེན་པ་བདེན་ཐུབ་ཀྱི་མི་ཞིག་བྱེད་པ་དང་བྱ་གཞག་ཏན་ཏིག་བསྒྲུབ་དགོས། སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་ལྡན་པ་བྱས་ནས་སེམས་ལ་ཞེད་ས་ཡོད་པ་དང་སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱེད་པ། སྙིང་རུས་དང་བློ་རྩ་བརྟན་པོ། རང་གཅུན་ནུས་པ་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ནས་བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པ་དང་སྤྱོད་པ་ཚུལ་མཐུན། བག་ཡོད་ཚུལ་ལྡན་བཅས་ཀྱི་མི་ཞིག་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་ནི་གདོང་ལེན་རུ་ཁག་དང་གུང་གཞོན་ཚོགས་པ་ནི་འཕྲལ་སྒྲུབ་རུ་ཁག། ལོ་ཆུང་གདོང་ལེན་རུ་ཁག་ནི་གྲ་སྒྲིག་རུ་ཁག་བཅས་རེད། ལོ་ཆུང་གདོང་ལེན་རུ་ཁག་དང་གུང་གཞོན་ཚོགས་པ། ཏང་བཅས་ལ་ཞུགས་རྒྱུ་ནི་གཞོན་ནུ་ཚོས་ཆབ་སྲིད་ཡར་ཐོན་དོན་གཉེར་བྱེད་པའི“མི་ཚེའི་གོམ་སྟབས་གསུམ”རེད། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་ནས་ལོ་ཆུང་གདོང་ལེན་རུ་མི་ཕུལ་བྱུང་ཚོགས་པ་ལ་ཞུགས་རྒྱུ་དང་གུང་གཞོན་ཚོགས་པའི་ཚོགས་མི་ཕུལ་བྱུང་ཏང་ལ་ཞུགས་རྒྱུའི་འོས་སྦྱོར་གྱི་ལས་ཀའི་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་དང་ཚོགས་པ། གདོང་ལེན་རུ་ཁག་བཅས་ཀྱི་མི་སྣ་གསོ་སྐྱོང་གི་འབྲེལ་ཐག་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུ་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱ་དགོས་པ་དང་ལྷག་པར་དུ་གུང་གཞོན་ཚོགས་པའི་ཚོགས་མི་ཕུལ་བྱུང་ཁྲོད་ནས་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་གཙིགས་ཆེན་བྱས་ཏེ་གསར་བརྗེའི་སྐྱེ་སྟོབས་ནམ་ཡང་མི་ཉམས་པར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་སྤྲོ་སེམས་ཆེན་པོས་གཞོན་ནུ་འཚར་ལོངས་ཡོང་བའི་ཆོས་ཉིད་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱས་ནས་སེམས་ནུས་ཡོད་རྒུས་གཞོན་ནུའི་ལས་དོན་ལ་དམ་འཛིན་བྱས་ཏེ། གྲོགས་པོ་གཞོན་ནུ་ཚོའི་གྲོགས་པོ་བློས་ཐུབ་དང་ལྷག་བསམ་རྣམ་དག་ངང་གཞོན་ནུའི་ལས་དོན་སྒྲུབ་མཁན། གཞོན་ནུ་མང་ཚོགས་ཀྱི་ལམ་སྣེ་འཁྲིད་མཁན་བཅས་བྱ་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཚོགས་པ་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་བྱས་ནས་གུང་གཞོན་ཚོགས་པའི་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་རྟག་ཏུ་ཞིབ་འཇུག་ཐག་གཅོད་དང་། ཚོགས་པའི་ལས་བྱེད་པར་སེམས་རྩ་འཁོལ་པོས་ཐུགས་ཁུར་དང་བླང་བྱ་ནན་པོ་བཏོན་ནས་གུང་གཞོན་ཚོགས་པས་མང་ཚོགས་ཚོགས་པའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་གཞིར་བཟུང་ནས་གསར་གཏོད་ལྡན་པའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱ་དགོས།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གཞོན་ནུ་ཚོར་གནང་བའི་གདམས་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།