སད་མི། 2022-05-13
མཛེས་སྡུག་གེ་སར་འཛུམ་པའི་མཛའ་གཞས་འདིའི། །
དབྱངས་ཀྱི་སྣ་ཞགས་རིང་ནས་རྒྱས་བཏབ་པའི། །
མཚར་སྡུག་ཚིག་རིས་སྒྱུ་མའི་འགྱུ་བག་ཅན། །
བདག་ལ་གནོངས་ཤིག་དོན་གྱི་མཐོང་བ་བསྐྱེད། །
རྣམ་རྟོག་ན་བུན་སྨུག་པ་མཐུག་གེ་བ། །
ཡུན་རིང་བག་ཏུ་སྦས་པས་ཉེས་སོ་ཞེས། །
མ་བགྲོས་མགྲིན་གཅིག་བསྲུབས་ལས་བྱུང་བ་ན། །
ཉི་ཟེར་བདག་ལ་གནོངས་ཤིག་དབྱངས་ཅན་མ། །
མཐོ་ལྡན་གདུགས་དཀར་བསྐྱོན་ཞིང་བླ་རེས་བརྒྱན། །
ཤིས་པའི་མེ་ཏོག་བརྩེགས་ཏེ་བསྙེན་པ་ཡིས། །
དམར་སེར་འཆར་ཁའི་དུས་ན་དབྱངས་ཅན་མ། །
རྒྱུ་བ་བྱུང་ན་ངལ་བ་བདག་གིས་དཔྱང་། །
མི་མཐོང་རྒྱང་ནས་བལྟས་པའི་ངང་ཚུལ་གྱིས། །
དངོས་གྲུབ་ཆར་དུ་བསྙིལ་བའི་རེ་ཁ་བཏེགས། །
ཉོན་མོངས་རྡུལ་ལ་རེག་སྙིང་བྲོ་སྙམ་གྱིས། །
གནམ་གྱི་མཐོངས་ལ་གཟེངས་ནས་ཤེད་མོང་སྤུངས། །
ཀུན་རྟོག་ཚོགས་དྲུག་གདེང་ཀའི་སྟངས་ཀ་མཐོ། །
དེ་ཡིས་ཕྲན་ཆུང་དུག་ལྔའི་མཚོ་མོར་འཕངས། །
གླགས་དང་འཕྲལ་དུ་སྐྱེས་པའི་ཉི་ཚེ་བས། །
མི་ཕན་དབྱངས་ཅན་ལྷ་ཡི་དངོས་གྲུབ་མཁོ། །
རྒྱུད་མངས་རྒྱུད་སྐུད་འཐོར་ལ་མི་འཐོར་བའི། །
འདར་བ་ལས་འོངས་འཇའ་ཡི་མཛེས་པ་ཅན། །
ཁྲི་གདུགས་ལས་མིན་བློ་ཡི་གཏེར་ལས་བྱུང་། །
མཚོ་བྱུང་མ་ལ་ཤིས་པ་བདག་གིས་ཕུལ། །
དར་གྱི་ཤམ་བུ་རླུང་གིས་ཕྱོགས་བཞིར་སྤུར། །
དེ་ཡི་མོད་དུ་ཞལ་འཛུམ་སྒོར་སྒོར་དྲན། །
ཤམ་བུའི་གཞིས་ལ་པིར་གྱིས་བཞེངས་པ་སྟེ། །
དབྱངས་ཅན་ཟླ་རིས་བྲིས་པ་རྐྱེན་དུ་སོང་། །
སྐྱོ་ཤས་ན་བུན་གོས་སུ་གྱོན་པ་དང་། །
རིང་ནས་རི་དྭགས་ཚལ་དུ་བཞུགས་ན་ཡང་། །
མཚོ་བྱུང་མ་ནི་མཚོ་ལས་ཕེབས་པ་ན། །
ངད་ལྡན་དྲི་ལས་ཀུན་རྟོག་དལ་གྱིས་བསླུས། །
གུས་རྟག་བརྩོན་པའི་སྦྱོར་བ་ལྷུར་བླངས་ཤིང་། །
ཏིང་འཛིན་ཐུགས་ལ་གཅིག་ཏུ་བསྣོལ་བ་ཡི། །
བནྡེ་དག་ཀྱང་སྒུལ་མིན་འགུལ་མིན་གྱི། །
སྐྱེད་མོའི་ཚལ་དུ་སླར་ཡང་སྒོམ་ལ་ཞུགས། །
རྩོམ་གསར། 10