སྨོན་པ་བརྒྱ་ཕྲག་གཅིག།

ཁྲག་གདོང་།        2022-05-11

སྙིང་གི་སྟོད་དུ་འཁུར་བའི་ཚིག་འབྲུ་ནི།།

གྲང་རླུང་སིལ་སིལ་ནང་གི་འཚོ་བའི་རླབས།།

རྟོག་འགྱུ་ཕྲ་མོའི་ཀློང་ནས་སྨྲེང་བ་འདི།།

ཞེན་ཆགས་ཉམས་ལ་མགུར་བ་དེ་རེ་མིན།།

མནོ་བསམ་རིང་མོ་དེས་ཀྱང་ཚོར་བྱུང་ལ།།

ངག་གི་འཆར་ཡན་སྒུལ་བ་སྣང་བའི་མདོག།

ལས་སྐལ་བརྒྱ་སྟོང་ཁྲོད་ནས་སྨོན་པ་ཀུན།།

ཕྱི་ནང་གཉིས་སུ་སྨིན་པར་ལས་དང་འདྲིས།།

ཉམས་ཀྱི་ལས་འཕྲོ་ཡོད་རྒུ་སྙིང་བརྩེ་བས།།

ལྷོད་ལྷོད་འཚོ་བའི་དོན་དུ་རང་ཉིད་གསོན།།

ནང་སེམས་སྒྱུ་མ་གྱ་གྱུའི་ངང་ཚུལ་གསལ།།

ལས་ཀྱི་སྨོན་པ་ཚོགས་ཀྱང་འདུན་པ་ལས།།

སྐད་ཅིག་དུས་ལ་འགྱུར་བ་མིག་ཏུ་མཐོང་།།

བསྔོ་བའི་ཡིག་འབྲུ་ཐར་ཐོར་སུ་ཞིག་བྲིས།།

ཚིག་གི་སྨོན་པ་དག་ཀྱང་སྣང་བས་བཟུང་།།

ལུས་སྲོག་འཆི་བའི་མིང་ལ་འབྲེལ་ན་ཡང་།།

གཡོ་བ་རང་ཚུགས་མེད་པ་ཡིད་འགྱུར་དུ།།

མཛེས་པ་སྙིང་པོའི་ལས་ལ་མིག་ཟུང་འཕེན།།

འཁོར་བའི་རྣོ་སྦྲེང་ཐུང་ཐུང་དལ་བུར་གྱིས།།

མི་ཚེ་མདངས་ལ་ཅེར་བ་བདེ་ཆེན་ཚོགས།།

མ་བཅོས་ལྷུན་གྱིས་གྲུབ་པར་དུང་བ་རྒྱས།།

མཐོང་བ་ཆོས་ཀྱི་འཛུམ་པ་འོད་དཀར་བ།།

དབྱར་ཟླའི་མེ་ཏོག་ཞིག་ལ་འཁྲེང་པ་ནས།།

ལས་ཀྱི་རྟོག་བཏགས་རེ་རེའི་རྗེས་ཤུལ་དུ།།

བརྩེ་བའི་སྨོན་འདུན་རེ་རེ་ངང་གིས་གྲུབ།།

ཞི་བའི་ཐ་སྙད་འཚང་ནས་ཁ་གཡང་གིས།།

ཚིག་རྒྱན་རིག་པའི་དོ་ཤལ་སྣ་ཚོགས་ཀྱིས།།

ཡངས་ཤིང་ལས་སྣང་དབར་གྱི་སྨྲེང་བ་རེ།།

ཁྱེད་ལ་སྤྲིངས་པའི་འཕྲིན་དུ་བརྗོད་པ་ན།།

ཞེན་ཆགས་སྒྱུ་མའི་ནང་དུ་མུ་ཏིག་དཔྱངས།།

ཏིང་འཛིན་སྒྲོལ་མའི་དོ་ཧ་སྙིང་དུ་བླངས།།

ཟབ་མོའི་ཚུལ་འཆོས་དེ་ཡང་རྒྱང་རིང་ལ།།

སྲིད་པའི་ལན་ཆགས་ནང་གི་ཚོར་བ་ནས།།

སེམས་ལ་སྟོན་ཟླའི་རང་བཞིན་མངོན་པ་དེ།།

ཟླ་བའི་ལྷ་མོ་འཛུམ་པ་ལན་གཅིག་འདི།།

འཆར་ཡན་ཤིན་ཏུ་འཕགས་པ་ཡིན་གྱུར་ན།།

ཡུན་རིང་སྨོན་པའི་དོན་དུ་ཞི་བའི་དབྱངས།།

ནམ་ཟླའི་གོ་རིམ་བཞིན་དུ་ཞེ་ལ་ཆགས།།

ལས་རླུང་བསིལ་བ་ཁྲོད་དུ་ངག་གི་གཤིས།།

མུ་མེད་བས་མཐའ་དེ་ལ་ཡང་ཡང་བསྐུར།།

སྣང་བ་སུ་ལ་ཐོགས་ཀྱང་ལས་སྨོན་འདིས།།

དགའ་བདེའི་མངོན་པ་རིང་མོ་ང་ལ་བྱིན།།

དྭངས་མོའི་སེམས་ཀྱི་སླད་དུ་འཛུམ་བག་ལ།།

ཡིད་ཀྱི་དྲན་པ་ཚོགས་ཀྱིས་སྒེག་པ་ཞིག།

གློ་བུར་གློ་བུར་དུས་ལ་ཉམས་དང་འདྲེས།།

ལྷན་ཐབས་གང་མང་ཞིག་གི་མཛེས་པ་ནི།།

ལུས་སེམས་ལྷོད་ལ་འཚོ་བའི་རྣམ་པ་ཡིན།།

རྣམ་ཤེས་ཕྱི་ནང་གསལ་བ་ཚེ་ཡིས་རྙེད།།

དམ་ཚིག་མེ་ཏོག་དཀར་དམར་སུ་ལ་ཕུལ།།

སྨོན་འདུན་བརྒྱ་ཕྲག་ཀློང་གི་ཡང་སྙིང་ལ།།

མཆོད་པའི་ལྷ་མོ་དེས་ཀྱང་སྐྱབས་འོག་ཏུ།།

བྱིན་རླབས་ཆར་རྒྱུན་བཞིན་དུ་སྲིད་པ་ནས།།

འདོད་ཡོན་དཔལ་མོའི་ལན་བུ་ཉེ་བ་བྱུང་།།

ཟླ་བའི་རང་མདངས་གསལ་ལ་ཡིད་དུ་འོང་།།

སྙིང་གི་དཀྱིལ་དུ་འཚེར་བ་སྒྱུ་འཕྲུལ་མིན།།

མཚན་མོའི་སྐར་མ་སྨིན་དྲུག་འགྲན་པ་ལ།།

དོ་ཟླའི་འོད་ཆེན་དག་ཀྱང་དེ་ལ་འཁྲེང་།།

དྲོད་སྣང་མི་རིང་མི་ཐུང་གསལ་ལམ་ལམ།།

སླར་ཡང་འཁོར་བའི་ལས་ལ་ཅེར་དུས་སུ།།

ཡིད་ལ་འདོད་པའི་འདུན་པ་ཐོགས་མེད་དུ།།

དལ་བ་དལ་གྱིས་རེག་ནས་སྨིན་གྱུར་པའི།།

ཤིས་ཚིག་ཨུཏྤལ་ཕྲེང་བ་ཡུན་རིང་ནས།།

ཟོལ་མེད་བརྩེ་བ་ཞིག་དང་ཆ་འགྲིག་བྱུང་།།

དགའ་བ་བརྒྱ་སྟོང་གསེང་དུ་རང་ཉིད་འཚོ།།

མི་འགྱུར་སེམས་ཀྱི་དམ་ཚིག་སྔ་མ་ལས།།

བདེ་བའི་སྨོན་པ་ཀུན་ཀྱང་རང་འགྲུབ་ཏུ།།

མ་བཅོས་ལས་འཕྲོའི་སྐུད་པ་ཚིག་ལ་སྦྲེལ།།

གཉུག་མའི་མནོ་བསམ་ནང་གི་ཉི་ཟླ་ཡིས།།

རྨི་ལམ་སྨུག་མདོག་འདྲ་བོ་མངོན་གྱུར་དུ།།

སྟོང་པའི་འཇིག་རྟེན་འདི་ནས་རེ་སྨོན་ནི།།

ཐ་སྙད་ཚོགས་ཀྱིས་མཚོན་པ་བྲལ་ན་ཡང་།།

ཤ་དང་རུས་ལ་ཆགས་པའི་སྐྱེ་འཆི་གཉིས།།

མི་རྟག་ཐོལ་བྱུང་འོད་ལ་འཁྲུལ་པ་འདིས།།

སུ་ལ་དུས་མཐའི་འཕྲིན་པ་འབྲི་སྲིད་དེ།།

དྲན་པ་རྗེན་ཆར་ནང་དུ་མཐོང་ཐོས་ལས།།

ནམ་ཞིག་ཡིད་ཀྱི་ལང་ཚོ་རབ་ཏུ་གསལ།།

སྲིད་ཞིའི་སྣང་བརྙན་དེ་ལས་ཞི་བའི་ཚིག།

ངལ་བ་དུ་མས་བཏབ་ན་ཚོར་བའི་རླབས།།

བྲང་གཞུང་མཚོ་མོའི་ཚུལ་དུ་རྡོལ་བ་ནི།།

ནམ་ཟླས་རེ་བའི་བསམ་མནོ་འགྲུབ་པ་ལ།།

འཕྱོངས་རྒྱས་ཟླ་བ་ལྷ་མོའི་གཟི་འོད་ཀྱང་།།

འཁོར་བའི་ཞུ་འཕྲིན་ལྷན་དུ་ཡུན་རིང་ཉུལ།།

སྡུག་ལ་བརྗིད་པའི་སྨོན་འདུན་རེ་རེ་ཡིས།།

ཚོར་བས་ལེན་པའི་འགྱུར་ཁུག་གྱ་མ་གྱུ།།

རྣམ་ཤེས་གསེང་དུ་དཀྲོལ་བ་ཕྱི་མའི་དོན།།

འཆར་ཡན་ངང་དུ་འཐིམ་པའི་སྙན་པ་དག།

འཚོ་བ་ཕང་ཕུང་ཞིག་ལ་པད་མས་འཛུམ།།

སྙན་ངག་རིང་ཐུང་དེ་ལ་ཕུགས་བསམ་རེ།།

དུངས་བའི་མེ་ཏོག་གན་དུ་བསིལ་བ་དེས།།

དཀའ་བ་བརྒྱ་སྟོང་ནང་གི་ཞེན་ཆགས་ལ།།

རླུང་བུ་འཇམ་པ་ཞིག་གིས་ཚོར་འདུ་སྦྱིན།།

མ་བརྗེད་ཡུན་རིང་བྲིས་པ་ཡིན་ནམ་ཞེས།།

དབྱར་ཟླའི་འཚོ་བ་ཇི་བཞིན་ཡིད་དུ་འོང་།།

སྙན་ངག་ཐར་ཐོར་ནང་གི་བརྗོད་པ་ཡང་།།

རྟོག་འགྱུ་མཚོ་མོའི་རླབས་ནི་རབ་ཞི་ནས།།

ངན་ཆག་རྫུན་མའི་འཕོ་འགྱུར་ཆད་པ་ལ།།

ལས་ཀྱིས་སྨོན་ཞིང་སྙིང་ནས་གསོལ་བ་ནི།།

སྨོན་པ་བརྒྱ་ཕྲག་གཅིག་གི་འབྲས་བུ་ལས།།

བས་མཐའ་འདི་ནས་མོལ་བ་ང་ཡི་གཤིས།།



  • ལེ་ཚན་སྔོན་མ།:ཨ་ལ་ལ་ཟླ་བ་སྒྲོལ་མ།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་མོ་འཛུམ་པའི་བརྡ་གླུ།