དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

འབྲི་བརྒྱ་ལྷ་མཚོ།        2022-05-10

    དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

   ཉེ་ཆར། དཀར་མཛེས་མི་རིགས་སློབ་འབྲིང་གིས“ཚོགས་ཆེན་ཉི་ཤུ་དགའ་བས་བསུ། ཀྲུང་ཧྭ་འདུ་ཤེས་སྲ་བརྟན་གཏོང་།”ཞེས་པའི་ལྔ་བཞི་རྗེས་དྲན་དང་སློབ་ཐོན་མཛད་སྒོ་གཉིས་མཉམ་ཅིག་ཏུ་སྤེལ་བ་རེད།  ཉིན་དེ་རུ་དཀར་མཛེས་རྫོང་གུང་གཞོན་སྡེ་ཚོགས་ཀྱི་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་དང་དཀར་མཛེས་རྫོང་རིག་སློབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སིན་ཡེའུ་ཁྲེན། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་བློ་ཆིང་ཧྭ་གཙོར་བྱས་པའི་དགེ་སློབ་སུམ་སྟོང་ལྷག་རྫོང་སློབ་འབྲིང་གི་ལུས་རྩལ་ཐང་དུ་འཛོམས་ཤིང་རྒྱལ་གླུའི་འགྱུར་ཁུག་ཁྲོད་ནས་བྱེད་སྒོ་དངོས་སུ་འགོ་བཙུགས་པ་རེད། ད་ལོར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་ལ་མཐར་ཕྱིན་འཛིན་གྲྭ་ཉི་ཤུ་དང་སློབ་མ་གཅིག་སྟོང་ལྷག་ཡོད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་བློ་ཆིན་ཧྭ་ཡིས། སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་དང་དགེ་རྒན་ནི་མེ་ཏོག་གཅེས་སྐྱོང་བྱེད་མཁན་རེད། ལོ་རེའི་ངེད་སློབ་གྲྭ་ནས་མཐར་ཕྱིན་སློབ་མ་ཁྱོད་ཚོ་ལྟ་བུས་སློབ་ཆེན་སོ་སོ་ནས་གྲུབ་འབྲས་ངོམ་བཞིན་ཡོད་པས།  ངས་ཀྱང་ཁྱོད་ཚོས་ཕུལ་བྱུང་གི་སྦྱངས་འབྲས་རེ་ལེན་པར་ཡིད་ཆེས་ཡོད། ཁྱོད་ཚོས་མ་འོངས་པའི་མི་ཚེའི་ནང་ཤེས་བྱའི་མཛེས་རྒྱན་བསྣམས་ཏེ་མ་ཡུམ་སློབ་གླིང་དུ་ཕེབས་པར་དགའ་བསུ་ཡོད་ཅེས་བཤད་པ་རེད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།
དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     མཐར་ཕྱིན་སློབ་མའི་འཐུས་ཚབ་སློབ་མ་ལྷ་མོ་ཆོས་དབྱངས་ཀྱིས།  དཀར་མཛེས་མི་རིགས་སློབ་འབྲིང་གིས་ལོ་ངོ་གསུམ་གྱི་རིང་གསོ་སྐྱོང་བྱས་པའི་སློབ་བུ་ང་ཚོ་སློབ་མཐར་ཕྱིན་ལ་ཉེ་བའི་དུས་འདིར།   ངས་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་མ་ཡུམ་སློབ་གླིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   མ་འོངས་པར་མ་ཡུམ་སློབ་གྲྭའི་དགེ་སློབ་ཀྱི་བརྩེ་བ་ནི་མི་ཚེ་འདིའི་ཆེས་ལེགས་པའི་དྲན་རྟེན་དེ་ཡིན་པས་ང་ཚོ་གནས་གང་དུ་སོང་ཡང་མ་ཡུམ་སློབ་གྲྭའི་བཀའ་དྲིན་མི་བརྗེད་ཅེས་བཤད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     བཟང་པོ་ལ་བཟང་བསྟོད་མེད་ན་བཟང་པོ་ཡི་ཆད་ཅེས་པ་ལྟར། བཟང་པོ་ལ་བཟང་བསྟོད་བྱས་པ་ནི་སློབ་མ་ཚོར་འབད་བརྩོན་ནུས་པའི་སྐུལ་སློང་དང་ཡར་ཐོན་ཡོང་བའི་སྒུལ་ཤུགས་ཡིན།  དེའི་ཕྱིར་སློབ་གྲྭས་ཀྱང་ཕུལ་བྱུང་སློབ་མ་དང་ཡར་ཐོན་སློབ་མ། སྤྱོད་བཟང་སློབ་མ། ཕུལ་བྱུང་གི་ཁྱིམ་བདག་བཅས་ལ་བྱ་དགའ་སྟེར་ཏེ་ཁོ་ཚོའི་རྒྱུགས་འབྲས་ལེགས་པོ་ལེན་པར་སྐུལ་འདེད་བྱས། དྲིན་གཟོ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤྱོད་བཟང་ཞིག་ཡིན་ལ་ཡ་རབས་སློབ་མའི་གཤིས་རྒྱུད་ཞིག་ཀྱང་ཡིན། དཀར་མཛེས་མི་རིགས་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཚོས་དགེ་རྒན་རྣམས་ལ་མཛའ་བརྩེའི་ཁ་བཏགས་ཕུལ་ཏེ་ལོ་ངོ་གསུམ་གྱི་རིང་ལ་དགེ་རྒན་ཚོས་མི་གཞི་གསོ་སྐྱོང་དང་ཤེས་བྱའི་རྒྱགས་ཕྱེ་གནང་བར་དྲིན་བྱས་དྲིན་དུ་གོ་བའི་བསམ་པ་མཚོན་པ་རེད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།
དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     སློབ་མ་བཟང་པོ་ཞིག་སྐྱོང་བར་སློབ་གྲྭ་དང་ཁ་བྲལ་ཐབས་མེད་ལ་ཁྱིམ་བདག་དང་དེ་བས་གྱེས་ཐབས་མེད།  བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་དམ་འཛིན་བྱས་ཤིང་ཤེས་བྱ་རིག་གནས་ལ་སྦྱོང་བརྩོན་བྱེད་པའི་མཐུན་རྐྱེན་གནང་བ་ནི་ཆེས་བཟང་བའི་ཕ་མ་ཡིན། ཉིན་དེར་དཀར་མཛེས་མི་རིགས་སློབ་འབྲིང་གིས་ཕུལ་བྱུང་གི་ཁྱིམ་བདག་ཚོ་སློབ་གྲྭ་རུ་གདན་དྲངས་ཏེ་སློབ་གྲྭའི་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་།  སློབ་ཁང་སོགས་སུ་ལྟ་སྐོར་དུ་ཁྲིད་པར་མ་ཟད་སློབ་གྲྭའི་ཟས་ཁང་ནས་སློབ་བུ་ཚོ་དང་ལྷན་དུ་གུང་ཇ་གསོལ་བཅུག་སྟེ་སློབ་གྲྭའི་ནང་རང་གི་བྱིས་པའི་སྤྱོད་ལམ་བཞི་ལ་རྒྱུས་ལོན་བྱས་པ་རེད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     ཁ་གྲགས་ཤེས་པ་ནས་གླུ་ལེན་ཤེས་ཤིང་གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་འཁྲབ་ཤེས་པ་ནི་རང་རེའི་མི་རིགས་འདིའི་ཁྱད་ཆོས་རེད། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་ཞབས་བྲོ་ཚོགས་པས་བྲོ་འཁྲབ་ཅིང་དགེ་སློབ་སྐད་ངག་བདེ་མོ་ཚོས་སྙན་པའི་གླུ་དབྱངས་ཕུལ་ཏེ་ལྔ་བཞིའི་རིག་རྩལ་གྱི་ལྟད་མོ་སྣ་ཚོགས་ཀྱིས་དགེ་སློབ་ཀུན་གྱི་སེམས་ལ་སྤྲོ་བ་བརྟས།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སྤེལ་བའི་བྱེད་སྒོ།

     མཐར་ཕྱིན་སློབ་མ་ཚོ་ནི་ལོ་ངོ་གསུམ་གྱི་རིང་མ་ཡུམ་སློབ་གྲྭའི་བྱམས་བརྩེའི་རུམ་ནས་ནར་སོན་ཞིང་སློབ་དཔོན་དམ་པའི་ལྷག་བསམ་འོག་རིག་སྟོབས་རྒྱས་པས་སློབ་མཐར་ཕྱིན་ལ་ཉེ་བའི་དུས་འདིར་མ་ཡུམ་སློབ་གླིང་ལ་བདེ་མོ་འཇོག་ཚུལ་ཆེས་ལེགས་པ་ནི་ཤེས་བྱའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཁྱེར་ཏེ་ཕུགས་བསམ་གྱི་སློབ་གླིང་ཞིག་ཏུ་སླེབ་ཐུབ་པར་བྱ་རྒྱུ་དེ་རེད།  ད་ལོའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ལེགས་པོ་ཞིག་ཐོབ་པའི་སྨོན་འདུན་བཟང་པོའི་ངང་ནས་བྱེད་སྒོ་མཇུག་རྫོགས་པ་རེད།


  • ལེ་ཚན་སྔོན་མ།:མཛེས་པའི་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།