དཔྱིད་ཀྱི་དཔལ་མོ་འཛུམ་པའི་བརྡ་གླུ།

ཧུན • དུར་རོ།        2022-05-11

མཚོ་སྟེང་པད་མོ་ལྡེམ་པའི་གེ་སར་ལ།།

ངག་རིག་དབྱངས་ཀྱི་བུ་མོ་གར་ལ་རྩེན།།

རྒྱུད་མངས་རྒྱུད་ཐག་སྟེང་གི་གདངས་དབྱངས་ལས།།

དཔྱིད་ཀྱི་དཔལ་མོ་འཛུམ་པའི་བརྡ་གླུ་གྲོལ།།

གངས་རིར་སྨུག་པ་ལང་ལོང་གཡོ་བ་ཡིས།།

ཆར་བ་རེ་རེ་སིམ་སིམ་འཐོར་བ་འདི།།

ལྗོན་རྩེ་དག་ཀྱང་རླུང་གིས་ཡོམ་ཡོམ་བྱས།།

རྣམ་ཤེས་འགུལ་བའི་དཔྱིད་ཀྱི་དཔལ་མོ་འཛུམ།།

མཚོ་ཁའི་འགྲམ་དར་དག་ཀྱང་ཕར་ཕར་ཡན།།

རྦ་རླབས་འགྱུ་བའི་མདངས་ཀྱང་ཚུར་ཚུར་བཅར།།

ཉ་དང་ངང་བའི་ཚོགས་ཀྱང་ཀྲོང་ཀྲོང་འཁྱུག།

རླབས་གཉེར་འདར་བའི་དཔྱིད་ཀྱི་དཔལ་མོ་འཛུམ།།

མཚན་མོའི་རླུང་བུ་དག་ཀྱང་འཇམ་ལ་ལྟོས།།

ཉིན་མོའི་དྲོ་གྲང་དག་ཀྱང་ལྷོད་ལ་རྒྱུ།།

ཉི་མཚན་ནང་གི་སོས་ཀ་གསར་བ་ཡིས།།

དུས་ལ་འཕུར་བའི་དཔྱིད་ཀྱི་དཔལ་མོ་འཛུམ།།

རི་སྐེད་དག་ན་སྨུག་པ་ལང་ལོང་གཡོ།།

སྨུག་པའི་ཟོམ་ན་སྤྲིན་དཀར་ལིང་ལིང་ཡན།།

སྤྲིན་པ་རེ་རེའི་ཟིལ་བ་བཙན་གྱིས་འཐུང་།།

རྡུལ་སྐྱ་ཟ་བའི་དཔྱིད་ཀྱི་དཔལ་མོ་འཛུམ།།

ས་འཛིན་ཕྲག་པར་ན་བུན་ལྭ་བ་མཛེས།

ན་བུན་ཐར་ཐར་རྩྭ་ཐང་གཞུང་ལ་འཕུར།།

རྩྭ་ལྗང་རེ་རེའི་གསོན་ཉམས་ཁུར་བ་ཡིས།།

དྲི་ཞིམ་འཐུལ་བའི་དཔྱིད་ཀྱི་དཔལ་མོ་འཛུམ།།

ལྗོན་ཤིང་དག་གིས་ལོ་མ་གསར་དུ་འཛིན།།

ཁམ་བུའི་ཤིང་སྡོང་དག་ལ་མེ་ཏོག་དཀར།།

འབྲས་བུ་རེ་རེ་བརླན་ཞིང་གསར་བའི་མདངས།།

སེམས་སུ་བརླན་པའི་དཔྱིད་ཀྱི་དཔལ་མོ་འཛུམ།།

རི་ཁུད་རེ་ལ་དྲི་བཞོན་བསིལ་བུ་རྒྱུ།།

རྒྱུ་ཞིང་རྒྱུ་ཞིང་གདོང་ལ་ཡང་ཡང་ལྡག།

ལྡག་གིན་ལྡག་གིན་ཕ་རིའི་ཐང་ལ་རྒྱུ།།

དྲི་བཞོན་འཇམ་པའི་དཔྱིད་ཀྱི་དཔལ་མོ་འཛུམ།།

སྒེའུ་ཁུང་འགྲམ་གྱི་ལྡུམ་ར་ཆུང་ཆུང་ཡང་།།

མེ་ཏོག་རེ་རེར་མྱུ་གུ་གསར་བ་འབུས།།

བསིལ་ཆུ་གཏོར་བའི་བདག་པོ་བྲེལ་བར་ཆས།།

ལྡུམ་ར་དེ་ཡང་དཔྱིད་ཀྱི་དཔལ་མོ་འཛུམ།།

དྲོད་རླངས་འཐུལ་བའི་མུ་མེད་གཡུ་ཐང་ལ།།

བརླན་ཞིང་དཔྱང་བའི་སྨུག་པའི་ཆུ་བོ་བྲན།།

ཆུ་མིག་དག་ཀྱང་ཕན་ཚུན་འཕྱང་ནས་རྡོལ།།

ཆུ་བོའི་ཟེགས་མར་དཔྱིད་ཀྱི་དཔལ་མོ་འཛུམ།།

དཔྱིད་ཀྱི་དཔལ་མོ་འཛུམ་པའི་དུས་ཀྱི་ཆར།།

བདག་ཀྱང་རིང་ནས་བཀུག་པའི་ལྗོངས་ཀྱི་ལྟོར།།

འགྲོ་བར་འདོད་པའི་གོམ་སྟབས་བསྒྱུར་བ་ཡིས།།

དཔྱིད་ཀྱི་དཔལ་མོའི་འཛུམ་ལ་ལྟ་འདོད་འདུག།



  • ལེ་ཚན་སྔོན་མ།:སྨོན་པ་བརྒྱ་ཕྲག་གཅིག།
  • ལེ་ཚན་རྗེས་མ།:མི་ཡུལ་གྱི་གོམ་འགྲོས་ཆ་ཤས།