2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7དང8ཉིན་གཏོང་རྒྱུ་ཡིན་པ།

    མི་དམངས་དྲ་བ།    2022-05-17

   གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2022ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ་6པའི་ཚེས7དང8ཉིན་གཏོང་རྒྱུ་ཡིན་པ་རེད། ཚེས7ཉིན་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་དེ། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས2022ལོའི་མཐོ་རྒྱུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།
   སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧོའེ་ཅིན་ཕུང་གིས་ནན་བཤད་བྱས་དོན། “ནན་པོ་དྲུག”གི་བླང་བྱ་དོན་འཁྱོལ་བྱས་ཏེ། “བདེ་འཇགས་ལྡན་པའི་མཐོ་རྒྱུགས”ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས་པ་སྟེ། གཅིག ནན་འགོག་བརྟན་སྲུང་བྱས་ཏེ་ཡིག་རྒྱུགས་སྒྲིག་འཛུགས་བྱེད་པའི་རིམས་འགོག་གི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། ཡིག་རྒྱུགས་སྒྲིག་འཛུགས་བྱེད་པའི་རིམས་འགོག་ལས་དོན་གྱི་ཇུས་གཞི་ཞིབ་ཚགས་བཟོ་བ་དང་། རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ནན་པོ། ཐོལ་བྱུང་རིམས་འགོག་གི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། “ཡིག་རྒྱུགས་ནང་ཞུགས་དགོས་རིགས་ཞུགས་གང་ཐུབ་བྱེད་པ”དང“བདེ་འཇགས་བརྟན་ལྷིང”ཡོང་བར་བྱེད་དགོས། གཉིས། གྲ་སྒྲིག་ཨང་བསར་བྱས་ཏེ་ཡིག་རྒྱུགས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་དགོས། འདྲི་གཞི་དང་རྒྱུགས་ཤོག་གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་དང་། རྒྱུགས་རའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཆ་འཕྲིན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན། ཡིག་རྒྱུགས་གཏོང་རོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། འཕྲལ་སྡོམ་བརྡ་ལན་གྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་དགོས། གསུམ། སྤྱོད་ཚུལ་ནན་དུ་བཏང་སྟེ་ཡིག་རྒྱུགས་སློབ་བསྡུའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། འདེམས་སྤྱོད་ཚད་གཞི་ནན་དུ་གཏོང་དགོས་པ་དང་། ལས་ཀའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་འགན་ལེན་དོན་འཁྱོལ་བཅས་བྱས་ནས། འགན་འཁྲི་གཙང་སྒྲུབ་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། བཞི། ནན་ཏན་དང་ཞིབ་ཚགས་ཡོང་བར་བྱས་ཏེ་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས། སློབ་ཁྲིད་བཀོད་སྒྲིག་ཞིབ་ཚགས་དང་ལེགས་སུ་གཏོང་བ་དང་། སེམས་ཁམས་ཁྲིད་སྟོན་དང་ཡིད་རྟོན་ཉེན་བརྡའི་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཕྱོགས་བསྡུས་འགན་ལེན་དང་རྒྱུགས་སྤྲོད་སློབ་མའི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ལྔ། དམ་ནན་དང་དུས་ཐོག་ཡོང་བར་བྱས་ཏེ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཏན་ཏིག་གཏོད་དགོས། དྲིལ་བསྒྲགས་དང་གསལ་འགྲེལ་གནད་ལ་འཁེལ་པོས་རྒྱག་པ་དང་། དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་དང་། དབང་གྲགས་ཡོངས་བསྒྲགས། སྲིད་ཇུས་གསལ་འགྲེལ་བཅས་བྱས་ཏེ། འབྲེལ་མཐུད་དང་ལན་སློག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དྲུག ནན་པོ་དང་གཟབ་ནན་གྱི་སྒོ་ནས་སློབ་བསྡུ་དྲང་གཞག་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། སྲིད་ཇུས་ལག་བསྟར་ནན་པོ་དང་། ལྟ་སྐུལ་དོ་དམ་ནན་པོ། སྒྲིག་འགལ་ཞིབ་བཤེར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མཐོ་རྒྱུགས་དྲང་གཞག་དྲང་བདེན་ཡོང་བའི་འགན་ལེན་བྱེད་དགོས།

  • ལེ་ཚན་སྔོན་མ།:​སློབ་མ་འདི་ཚོ་སློབ་ཡོན་མི་དགོས་པར་སློབ་ཆེན་དུ་ཞུགས་ཆོག།
  • ལེ་ཚན་རྗེས་མ།:《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།
  • དོ་སྣང་ཆེ་བའི་རྩོམ།