ཡུམ་ཆེན་གྱི་ཨ་མ།

བསོད་ནམས་སྒྲོལ་མ།        2022-05-23

ཨ་མ་ཞེས་པའི་ཡིག་འབྲི་དེ་གཉིས་དར་ལོང་རྣ་བའི་སྙན་ལམ་དུ་ཐོས་མ་ཐག་སེམས་ལ་ཅི་འདྲའི་སྙིང་རྗེ་དང་བརྩེ་སེམས་ཀྱིས་ཕྱུག་པ་ལ། དེ་ནི་ཨ་མའི་བྱམས་བརྩེའི་སྟོབས་ཀྱིས་ཡིན།

འཇིག་རྟེན་འདིར་གནས་པའི་མི་ཚོགས་ཁྲོད་མཚན་སྙན་གྲགས་རབ་འབྲིང་ཐ་གསུམ་ཡོད་ལ། ཁོ་ཚོ་དང་ང་ཚོ་ཡང་ཆེས་ཐོག་མར་ཨ་མའི་བྱམས་བརྩེ་དང་གཉོར་སྐྱོང་འོག་ནར་སོན་པ་ཡིན། དེ་བས་ཨ་མ་མེད་ན་མི་བུ་གང་འདྲ་ཞིག་ཡིན་ཡང་འཇིག་རྟེན་འདིར་ཡོད་མི་སྲིད། ཨ་མའི་དྲིན་ཁོ་ནས་ང་ཚོ་འདི་འདྲའི་ཡ་མཚར་ལ་ཧང་སངས་དགོས་པའི་འཇིག་རྟེན་འདིའི་མགྲོན་པོའི་ཡ་གྱལ་དུ་གྱུར། ཨ་མའི་མགོ་ཡི་དབུ་སྐྲ་རེ་རེ་ཉིན་རེ་ནས་ཉིན་རེ་ཇེ་དཀར་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་ནི་ཁོང་རང་ཉིད་ཀྱིས་བུ་ཕྲུག་ཚོའི་དོན་དུ་སེམས་ཚེགས་དང་ལུས་ཚེགས་བྱས་མཐར་གཅེས་སེམས་ཀྱིས་ཀུན་ནས་མནར་བའི་དན་རྟགས་ཤིག་མ་ཡིན་ནམ།

ཡུམ་ཆེན་གྱི་ཨ་མ་ལགས། ཁྱེད་ཀྱིས་རང་གི་ཁྱིམ་ཚང་གི་ཁ་རྒྱབ་ཆེད་དབྱར་ཟླ་གསུམ་གྱི་ཆར་ཆུ་དང་དགུན་ཟླ་གསུམ་གྱི་གྲང་ངར་ལ་མི་འཛེམས་པར། སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་དཀའ་ངལ་མང་པོ་ཞིག་མྱངས་ཀྱང་། ཁྱོད་ཀྱིས་དེ་ལ་མགོ་བོ་གཏན་ནས་མི་སྒུར་བར་ད་དུང་ཨུ་ཚུགས་ཀྱིས་ངོ་རྒོལ་བྱེད་པར་ཞུམ་པ་མེད་པའི་སྙིང་སྟོབས་དེ་ནི་ཅི་འདྲའི་རླབས་ཆེ་བ་ལ་ཨང་། ད་རུང་མོས་ནམ་རྒྱུན་ནངས་སྔ་ལངས་དགོང་འཕྱི་ཉལ་བྱས་ནས་དབུ་སྐྲ་རླུང་གིས་སྐྱོད་བཞིན་རྟ་ནོར་ལུག་གསུམ་སྤང་ལ་བཀྲམ་པ་དང་ལས་ཀ་ཡོད་ཚད་རང་ཉིད་གཅིག་པུས་འགན་དུ་བླངས་ནས་དཀའ་སྡུག་གི་རྔུལ་ཆུ་ཅི་འདྲ་ཆེ་རུང་། དེ་ལ་དོ་སྣང་གང་ཡང་མི་བྱེད་པར་ཧུར་བརྩོན་གྱིས་ཁྱིམ་ཚང་ལ་བདེ་སྐྱིད་བསྐྲུན་གང་ཐུབ་བྱེད།

ཡུམ་ཆེན་ཨ་མ་ལགས། ཁྱིམ་ཚང་དང་ཁྱོད་གཉིས་ནི་གཅིག་ལ་གཅིག་རྟེན་ཡིན་པས། ཁྱོད་ཡོད་ན་ཁྱིམ་ཚང་ཡོད་ལ། ཁྱོད་མེད་ན་ཁྱིམ་ཚང་ལ་དྲོད་ཁོལ་མེད་པ་ནི་སྨྲ་མི་དགོས་པ་ཞིག་རེད། ཨ་མས་བུ་ཕྲུག་གི་ཆེད་དུ་བློས་བཏང་བ་མང་དྲགས་ལ་བུ་ཕྲུག་ཚོས་ཁྱོད་ལ་དྲིན་གཟོ་ཉུང་དྲགས་འདུག་པས། དེ་ནི་དངོས་གནས་རྒྱུ་འབྲས་ཤིག་ཡོད་མི་འདུག། ཨ་མ་ལགས། ཁྱོད་ཀྱིས་ང་ཚོ་ལ་གཟུགས་མེད་ཀྱི་སྙིང་སྟོབས་བསྩལ་ཅིང་། ང་ཚོ་ལ་ཁྱོད་ཡོད་པས་འཇིག་རྟེན་གྱི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད་ལ། མདང་དགོང་གི་རྨི་ལམ་ཇི་བཞིན་འཁྲུལ་དུ་འཇུག་སྲིད་པས་དེང་གི་དུས་རབས་འདི་ནི་ཆར་རྗེས་ཀྱི་འཇའ་ཚོན་དང་འདྲ་བར་ཁ་དོག་མང་ཞིང་ཡལ་སླ་བའི་དུས་རབས་ཤིག་རེད། འོན་ཀྱང་ཨ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་ནམ་ཡང་འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ནམ་ཡང་ཡལ་བ་མེད།

ཡུམ་ཆེན་ཨ་མ་ལགས། ཁྱེད་ཀྱི་བཀའ་དྲིན་ནི་ནམ་མཁའ་ལས་མཐའ་མེད་ལ། ས་གཞི་ལས་ཁོད་ཡངས། ཁྱེད་ཀྱི་བྱས་རྗེས་འཛད་མཐའ་མེད་ལ་དཔའ་ངར་གྱི་སྙིང་སྟོབས་ལ་ཞུམ་པ་མེད། འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་པ་ནི་རྒྱུ་ལོངས་སྤྱོད་གང་འདྲ་ཞིག་ལོངས་སུ་སྤྱད་རྒྱུ་དེ་མ་ཡིན་པར་དེ་ནི་བརྩེ་ཆེན་གྱི་བདག་མོ་སྟེ། རླབས་ཆེ་བའི་མ་ཡུམ་གྱི་བརྩེ་བ་ནི་ཆེས་བདེ་སྐྱིད་ལྡན་པ་དང་ཆེས་དྲོད་ཁོལ་མངའ་བ་ཞིག་རེད་ཨང་།

ཡུམ་ཆེན་ཨ་མ་ལགས། ཁྱེད་ཀྱི་བཀའ་དྲིན་དེ་ངས་ནམ་ཡང་བརྗེད་མ་མྱོང་ལ། བརྗེད་ཀྱང་ག་ལ་སྲིད། ཁྱེད་ཀྱིས་ཁྱིམ་ཚང་གི་ཆེད་དང་བུ་ཕྲུག་ཚོའི་དོན་དུ་དཀའ་ལས་མྱངས་དྲགས་སོང་། ཉིད་ཀྱིས་སྐུ་ངལ་ཞིག་གསོ་རོགས། ངའི་ཨ་མ་ལགས།



  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དྲན་འཕྲིན།
  • ལེ་ཚན་རྗེས་མ།:བདག་གི་རྨི་ལམ།