མཐར་ཕྱིན་མེ་ཏོག།

ཆོས་ཉིད་དབང་མོ།        2022-06-08

བསིལ་རླུང་གི་རྒྱུ་བ་འཇམ་པོ་གཡུགས་ཐེངས་རེར། དཀར་ལ་བཀྲག་མདངས་རྒྱས་པའི་མཐར་ཕྱིན་མེ་ཏོག་ནི་ཅི་འདྲའི་མཛེས་སྣང་ལྡན་པ་ཞིག་རེད་ཨང་།

སློབ་ལོ་གསུམ་གྱི་ནང་དུ་མཐར་ཕྱིན་མེ་ཏོག་ནི་དུས་ལྟར་བཞད་ནའང་། ནང་སེམས་ལ་སྔར་མེད་ཀྱི་སྐྱོ་སྣང་ཞིག་དང་བྲལ་ལ་ཉེ་བའི་ཚོར་སྣང་གསལ་བོ་ཞིག་སྟེར་ཐུབ་པ་ནི་ད་ཐེངས་ཀྱི་འདི་ཁོ་ནའོ། དྲོད་འཇམ་ཉི་འོད་ལྡན་པའི་ཁོར་ཡུག་གི་གྲུ་ཟུར་ཞིག་ནས། ང་ཚོས་ལྷན་དུ་བརྒྱུད་མྱོང་བའི་འདས་དོན་མང་པོ་ཞིག་ཝ་ལེར་ངའི་མིག་ལམ་དུ་མངོན། མ་ཟད་ང་ཚོ་ནི་སྤུན་ཟླ་ལྟར་སྙིང་ཉེ་ལ་མིང་སྲིང་ལྟར་སེམས་བརྩེ། སློབ་གླིང་འདིའི་ནང་ནས་ང་ཚོ་ནི་ཆེས་བཟང་བའི་འཛིན་གྲྭ་དེ་མིན་ཡང་། འོན་ཀྱང་ངའི་སེམས་སུ་ཁྱོད་ཚོ་ནི་ཆེས་སྙིང་ཉེ་བའི་མི་དང་ང་ཚོའི་འཛིན་གྲྭ་ནི་ཆེས་བཟང་བའི་འཛིན་གྲྭ་དེ་ཡིན། ཁྱོད་ཚོའི་གཤིས་རྒྱུད་ལས་མཐར་ཕྱིན་མེ་ཏོག་གི་མཛེས་ཉམས་དེ་མངོན་ཐུབ། སློབ་གྲོགས་ཚོ། ང་ཚོ་ལ་མེ་ཏོག་ལྟར་མཛེས་པའི་ལང་ཚོ་དང་སྒེག་ཉམས་དེ་མེད་ཀྱང་། དབྱར་ཁ་བཞིན་དྭངས་བའི་སེམས་པ་ཞིག་དང་སྨྱུག་མ་བཞིན་དྲང་བའི་གཤིས་རྒྱུད་ཅིག་ཡོད།

མཐར་ཕྱིན་མེ་ཏོག་གི་སྒེག་ཉམས་རྫོགས་ལ་ཉེ་བའི་སྐབས་འདིར། ང་ཚོས་ཀྱང་མ་ཡུམ་སློབ་གླིང་ལ་བདེ་མོ་འཇོག་རན། ཡིན་ཡང་སེམས་མ་ཕམ། གྱེས་བྲལ་ནི་ཁྱོད་ཀྱི་བརྒྱུད་ལམ་གསར་བ་ཞིག་གི་མགོ་ཡིན། སློབ་རའི་གྲུ་ཟུར་རེ་རེ་ན་ང་ཚོས་བཞག་པའི་ཕྱིར་དྲན་ཡོད། མི་ལོ་གསུམ་ནི་སྐད་ཅིག་གིས་འདས་ཀྱང་། ང་ཚོའི་གཏམ་རྒྱུད་ནི་ནམ་ཡང་སེམས་ཀྱི་ཟབ་ས་ན་གནས་ཡོད།



  • ལེ་ཚན་སྔོན་མ།:སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།