སྣང་ཚོར་སྟོང་པ།

སད་མི།        2022-05-27

བར་སྣང་སྟོང་པའི་ཁམས་ནས་བྱ་ཁྱུ་དག་ག་ལེར་ཞོགས་སོང་། རྗེས་ཤུལ་གྱི་རི་མོ་གང་ཡང་མེད་པར་ཞོགས་སོང་། རྗེས་ཤུལ་གྱི་རི་མོ་མེད་པའི་ལམ་འཕྲང་དེ་ང་ལ་མི་དགོས། ཤིན་ཏུ་སྟབས་བདེའི་ངང་ནས་བགྲོད་པ་ནི་དོན་སྙིང་དང་བྲལ་བ་ཞིག་སྟེ།དེ་ཡིས་བདག་ལ་མྱོང་ཚོར་ཅི་ཡང་མ་སྤྲད་ཅིང་།བཏང་སྙོམས་ཀྱི་ཚོར་བ་ཞིག་ཀྱང་སྟོང་བསམ་གྱི་གནས་སུ་བསྐྱལ་བ་བྱས་སོ།།

ལྷོག་ལྷོག་ཏུ་རྒྱུ་བཞིན་པའི་སྤྲིན་དཀར་གྱི་ན་བུན་དེ་ང་ལ་མི་དགོས། རླུང་དང་ཉི་འོད་ཀྱིས་གཞོམ་འགྲོ་བར་གདོན་མི་ཟ། མ་ཟད་འཁྲབ་སྟོན་གང་ཞིག་གི་མཇུག་འབྲས་གསལ་རྟོགས་བྱུང་རྗེས། ཡང་བསྐྱར་ལྟ་བར་མི་འགྱུར་བ་ཅི་ཞིག་གི་དོན་དུ་ལགས་ཤེ་ན། དུས་ཚོད་ཀྱི་སྐད་ཅིག་གི་དོན་དུ་ལགས་པ་དང་། འཇིག་རྟེན་གྱི་ཆོས་ཉིད་ཀྱི་དོན་དུ་ལགས།

ང་ལ་ཡིག་འབྲུ་མི་དགོས་ཤིང་ཐ་སྙད་ཀྱང་དགོས་དོན་མི་འདུག། ཡིག་འབྲུའི་ཕག་ཏུ་གབ་པའི་བརྩེ་དུང་འཐོབ་ན་བསམས་ཤིང་། ཅི་ཡང་བརྗོད་པར་ནུས་པའི་ཐ་སྙད་ཅིག་དབང་ན་བསམས་པས། “བརྩེ་བ་ལགས། བདག་ལ་དངོས་གྲུབ་ཀྱི་ཆར་ཆུ་བསྩལ་རོགས།” ཞེས་པ་ངག་ནས་བྱུང་རྒྱལ་དུ་ཤོར་སོང་། སྐབས་དེར་མི་ཐམས་ཅད་སྟོང་སེང་ངེར་འགྲེང་འདུག་གོ །



  • ལེ་ཚན་སྔོན་མ།:སྙིང་ཐུབ་ཀྱི་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།