ཞི་ཀྲུའུ་ཞིའི་ཡིག་ལན་འདིས་ལོ37རིང་གི་མཛའ་བརྩེ་བཟང་པོ་བསྐྱངས་ཡོད།

སྐལ་ཐུབ་དང་ཨོ་རྒྱན་གྱིས་བསྒྱུར།        2022-05-26

    ཞི་ཀྲུའུ་ཞིའི་ཡིག་ལན་འདིས་ལོ37རིང་གི་མཛའ་བརྩེ་བཟང་པོ་བསྐྱངས་ཡོད།

   སྤྱི་ཟླ5པའི་ཚེས24ཉིན་ལ། ཞིན་ཧྭ་གསར་འགྱུར་ཁང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཨ་རིའི་ཨེར་ཨའོ་ཝ་ཁུལ་གྱི་གྲོགས་བཟང་བུད་མེད་ས་ལ་ལན་ཏི་ལ་ཡིག་ལན་སྤྲིངས་པའི་སྐོར་བཀོད་པ་རེད། སྤྲིངས་ཡིག་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེར་ཨའོ་ཝ་ཁུལ་དུ་འཚམས་འདྲི་ཐེངས་གཉིས་ཕེབས་མྱོང་བའི་བརྒྱུད་རིམ་སྐོར་དྲན་གསོ་གནང་ཡོད་ཅིང་། བུད་མེད་ལན་ཏི་དང་ཨེར་ཨའོ་ཝ་ཁུལ་གྱི་སྔར་འདྲིས་གྲོགས་པོ་ཚོས་སྔར་བཞིན་མཛའ་བརྩེའི་ས་བོན་བཏབ་སྟེ་ཀྲུང་ཨའི་མི་དམངས་མཛའ་མཐུན་ཡོང་བར་བྱས་རྗེས་གསར་པ་གཞག་དགོས་པའི་སྐུལ་མ་གནང་བ་རེད།

     ལོ37རིང་ལ་མཛའ་བརྩེ་བཟང་པོ་བསྐྱངས་པ་ད་ལྟ་ཡང་བསྐྱར་ལེའུ་གསར་པ་ཞིག་བརྩམས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྲིངས་ཡིག་ཏུ་ང་རང་མཛེས་པའི་ཨེར་ཨའོ་ཝ་ཁུལ་དུ་འཚམས་འདྲི་ཐེངས་གཉིས་ལ་སོང་མྱོང་། མཱ་སི་ཁ་ཐིང་གྲོང་ཁྱེར་དང་ལས་འབྲེལ་བཟང་པོ་ཆགས་ཡོད་ཅེས་དྲན་གསོ་ཟབ་མོ་གནང་བ་རེད།

ཞི་ཀྲུའུ་ཞིའི་ཡིག་ལན་འདིས་ལོ37རིང་གི་མཛའ་བརྩེ་བཟང་པོ་བསྐྱངས་ཡོད།


     གཏམ་རྒྱུད་དེ1985ལོ་ནས་བཤད་དགོས། ལོ་དེར། སྐབས་དེ་དུས་ཧོ་པེ་ཀྲེང་ཏིང་རྫོང་ཨུའི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲི་ཐེངས་དང་པོ་ཕེབས་ཤིང་། ཨེར་ཨའོ་ཝ་ཁུལ་མཱ་སི་ཁ་ཐིང་གྲོང་ཁྱེར་གྱི་མི་ཚང་མི་ཏེ་ཝོ་ཆེ་ཁེ་རུ་གནས་ཚང་གཡར་ནས་ཞག་མ་གཉིས་བཞུགས། ཏག་ཏག་བུད་མེད་མ་ལན་ཏི་ནི་སྐབས་དེ་དུས་འཚམས་འདྲི་བྱེད་སྒོའི་སྒྲིག་འཛུགས་བྱེད་མཁན་གྱི་ཡ་གྱལ་ཞིག་ཡིན།

     2012ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད་པའི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲིར་ཕེབས་པ་དང་། ཆེད་དུ་མཱ་སི་ཁ་ཐིང་གྲོང་ཁྱེར་དུ་རྡོག་ལན་འཚམས་འདྲི་གནང་ཞིང་། མ་ལན་ཏིའི་ཁྱིམ་གྱི་ཚོམས་ཆེན་དུ་སྔར་འདྲིས་གྲོགས་པོ་ཚོ་དང་ཁ་བརྡ་གནང་ཡོད།

     ལོ་མང་པོའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་བུད་མེད་མ་ལན་ཏི་སོགས་མཱ་སི་ཁ་ཐིང་གི་སྔར་འདྲིས་གྲོགས་པོ་ཚོས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད། ཟླ་བ་གོང་མར་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཆིན་ཀང་མཱ་སི་ཁ་ཐིང་དུ་འཚམས་འདྲིར་ཕྱིན་པ་དང་། བུད་མེད་མ་ལན་ཏི་ཡིས་ཨེར་ཨའོ་ཝ་ཁུལ་གྱི་སྟར་ཤིང་ལས་བཟོས་པའི་སྒམ་སྤུས་ལེགས་ཤིག་གི་ནང་དུ་བཅུག་ཡོད་པའི་མོ་རང་གིས་བྲིས་པའི་དྲན་ཐོ《སྔར་འདྲིས་གྲོགས་པོ། ཞི་ཅིན་ཕིང་དང་ཨེར་ཨའོ་ཝའི་གཏམ་རྒྱུད》ཅེས་པའི་དཔེ་ཆ་ཞིག་དང་སྤྲིངས་ཡིག་ཅིག་བླངས་ཏེ་གཞུང་ཚབ་པ་ཆེན་པོ་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲད་རོགས་ཟེར་བ་རེད།

     སྤྲིངས་ཡིག་ཐུང་ཐུང་ཞིག་ལ་བརྩེ་བ་ཟབ་མོ་ལྡན་ཡོད། སྤྲིངས་ཡིག་བསྐུར་རེས་ཁྲོད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་བས་བརྩེ་སེམས་དང་དྲང་བདེན་ལ་སྣང་ཆེན་བྱེད་ཀྱི་ཡོད་ཅེས་རྒྱུན་དུ་གླེང་བ་དེ་ང་ཚོར་མྱོང་ཚོར་ཟབ་མོ་ཐེབས་ཐུབ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ནི་རླབས་པོ་ཆེ་ཤ་སྟག་ཡིན་ཞིང་།མི་དམངས་ཀྱི་མཛའ་མཐུན་ནི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས་མ་ཚད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་རྨང་གཞི་གལ་ཆེན་བཞག་ཐུབ་ཅེས་བསྟན་པ་རེད།

     རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་རག་ལས་པ་དང་། མི་དམངས་བར་གྱི་མཛའ་མཐུན་ནི་སེམས་པ་གཅིག་མཐུན་ལ་ཐུག་ཡོད། 1985ལོར་གཞུང་དྲང་བབ་ཆགས་ཀྱི་བརྩེ་སེམས་ལྡན་པའི་ཨེར་ཨའོ་ཝ་ཁུལ་གྱི་མང་ཚོགས་མང་པོ་ངོ་ཤེས་པར་བརྒྱུད། ཞི་ཅིན་ཕིང་ལ་ཉེ་ས་ནས་ཨ་རིའི་མི་དམངས་ལ་ཤེར་ཚོར་ཐོག་མ་བྱུང་ཡོད། སྐབས་དེར་ཁོང་གིས་མཱ་སི་ཁ་ཐིང་གི་གྲོགས་པོ་ཚོར་ངའི་ངོས་ནས་བརྗོད་ན་ཁྱེད་ཚོ་ནི་ཨ་རི་རེད་ཅེས་གསུངས་པ་རེད།

     མཱ་སི་ཁ་ཐིང་གི་མང་ཚོགས་དཀྱུས་མས་ཀྱང་ཞི་ཅིན་ཕིང་བརྒྱུད་དེ་ཀྲུང་གོ་ཤེས་ཚོར་ཐུབ་ཡོད་ཅིང་། སྐབས་དེ་དུས་ཀྱི་ཁང་བདག་ལྕམ་ཏེ་ཝོ་ཆེ་ཁེ་ཡིས་ཕྱིས་སུ་ཞི་ཅིན་ཕིང་ལ་ཁྱེད་ཀྱང་ང་ཚོས་འབྲེལ་བ་བྱེད་སྔ་ཤོས་ཀྱི་ཀྲུང་གོའི་གྲོགས་པོ་ཞིག་རེད། དེ་སྔར་ཀྲུང་གོ་མི་དམངས་ལ་དོགས་པ་ཡོད་ཀྱང་ཁྱེད་དང་མཉམ་དུ་འབྲེལ་འདྲིས་བྱུང་རྗེས། ང་ཚོས་ཀྲུང་གོ་མི་དམངས་ལ་འཛིན་པའི་ལྡོག་ཕྱོགས་ཀྱི་ལྟ་སྟངས་ཁག་གཅིག་ཀྱང་དེ་དང་ཆབས་ཅིག་མེད་པར་གྱུར་སོང་ཞེས་བཤད་པ་རེད།   

     མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན། ལོ30ལྷག་གི་རིང་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རྒྱང་རིང་པོ་ནས་འགོ་བཙུགས་ཏེ་ཀྲུང་ཨའི་མི་དམངས་མཛའ་མཐུན་ཡོང་བར་ཤུགས་བརྒྱག་ཡོད་པ་རེད།

     ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་དེ་ཨ་རིའི་མི་དམངས་དང་མཉམ་དུ་མཛའ་མཐུན་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཡོང་བར་བསྐུལ་ཏེ་ཀྲུང་ཨའི་མི་དམངས་ཀྱི་བདེ་རྩ་མཉམ་འཕེལ་ཡོང་བར་བྱ་འདོད་ཡོད་ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་ལྟར་ནན་གསུང་གནང་།

     མཛའ་མཐུན་ནི་དོན་ཆེན་ཞིག་རེད། མཛའ་མཐུན་གྱི་འཛམ་གླིང་དེ་གཞི་ནས་ཞི་བདེའི་འཛམ་གླིང་ཞིག་ཏུ་འགྱུར་སྲིད་ཅེས་བུད་མེད་མ་ལན་ཏི་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དེ་ལྟར་བཤད་པ་རེད། མོ་རང་གིས་ཨེར་ཨའོ་ཝ་ཁུལ་གྱི་མཛའ་མཐུན་ཞིང་ཆེན་དང་ཁུལ་ཨུ་ལྷན་གྱི་ཨུ་ཡོན་གྱི་འགན་བཞེས་ནས་ལོ་མང་སོང་ཞིང་། མོས་སྒྲུབ་བཞིན་པ་ནི་མི་དམངས་མཛའ་མཐུན་ཡོང་བའི་བྱ་གཞག་ཡིན་ནོ།། 


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་རྨ་ཆུའི་སྟོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།