ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-05-26

(2022ལོའི་ཟླ་བ5ཚེས25ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ།)  

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དེ2022ལོའི་ཟླ་བ5ཚེས25ཉིན་ཁྲེང་ཏུའུ་རུ་འཚོགས་པ་རེད། 

    ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན80དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན4ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད། 

    ཚང་འཛོམས་གྲོས་ཚོགས་སུ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ2022ལོའི་ཟླ་བ5ཚེས27ནས30ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། 

    ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུ་ སྐབས་བཅུ་གཅིག་པས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་འབུལ་རྒྱུའི་སྙན་སེང་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་འབུལ་རྒྱུའི་ལས་དོན་སྙན་སེང་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་སེང་དེ་གཉིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞིབ་བཤེར་བྱ་རྒྱུར་འབུལ་བའི་གྲོས་ཐག་བཅད་པ་རེད། ཚང་འཛོམས་གྲོས་ཚོགས་སུ་འདེམས་ཤོག་འཕངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མིའི་འོས་མིའི་བཀྲབ་འདེམས་འོས་མི་གཏན་འཁེལ་བྱས་ཡོད་ཅིང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་བཀྲབ་འདེམས་འོས་མིར་གྲོས་བསྡུར་བྱས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་འབུལ་རྒྱུའི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས་པ་རེད། 

    ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ལས་ཀར་ཁས་ལེན་གང་ལེགས་བྱས་ཡོད། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། སི་ཁྲོན་བཅོས་སྐྱོང་དར་སྤེལ་ཐད་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་བསྐྲུན་ པར་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་། དྲིན་དྲན་ཧུར་སྐྱོད་བྱེད་ཅིང་། འགག་སྒྲོལ་དཀའ་སེལ་དང་། ཤིན་སྦྱོང་མདུན་སྐྱོད་བཅས་ཀྱི་སྒོ་ནས། “དཀའ་བ་དང་འགྱུར་ལྡོག་”ལ་ཁ་གཏད་ནུས་ལྡན་འཇལ་བའི་ཁྲོད་དུ་དཀའ་ངལ་ཁྱད་དུ་བསད་ཅིང་།“དུས་བབ་དང་གནས་བབ”ལ་ཞིབ་འཇུག་བརྡར་གཅོད་གནད་སྨིན་བྱེད་པའི་ཁྲོད་དུ་འགན་འཁྲི་འཁུར་ཕོད་པ་དང་།“བརྟན་པོ་དང་ཡར་འཕེལ”ལ་སྟངས་འཛིན་ལྷོད་མེད་བྱེད་པའི་ཁྲོད་དུ་གསར་གཏོད་གསར་སྐྲུན་བྱེད་པ་བཅས་ལས། ཞིང་ཆེན་ ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་གཉིས་ལས་བརྒལ་བ་དང་། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མི་ཆད་པར་ཆེ་རུ་སོང་བ་དང་། དམངས་འཚོ་འགན་སྲུང་རྒྱུན་མཐུད་དེ་ལེགས་སུ་ཕྱིན་པ། དྲིལ་བསྒྲགས་བསམ་བློ་རིག་གནས་ཐད་རྣམ་པ་གསར་པ་མངོན་པ་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་གོང་འཕེལ་གསར་པ་བྱུང་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་ཤུགས་ཆེ་རུ་སོང་ཡོད་ལ། སི་ཁྲོན་གྱི་བྱ་གཞག་ཁག་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།  གྲུབ་འབྲས་དེ་དག་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞིང་། རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་མུ་མཐུད་དེ་འབད་འབུངས་བྱེད་པ་དང་ཁ་འབྲལ་ཐབས་མེད་ལ། སི་ཁྲོན་གྱི་བུ་རྒྱུད9100ཡིས་འབད་འཐབ་བློས་འབུལ་བྱེད་པ་དང་ཡང་ཁ་འབྲལ་ཐབས་མེད། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱིས་འགན་འཁྲི་སེམས་ལ་བཅངས་ཤིང་། འགན་ཆེན་ཕྲག་ཏུ་ཁུར་བ་དང་། འགན་ནུས་ལག་ལེན་དུ་བསྟར་བ་བཅས་ཀྱི་སྒོ་ནས་སི་ཁྲོན་འཕེལ་རྒྱས་དང་ཡར་ཐོན་ཡོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད།

     ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། བབ་བསྟུན་ཧུར་སྐྱོད་དང་འབད་འཐབ་ལྷོད་མེད་བྱས་ནས་དེ་བས་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་སི་ཁྲོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ད་སྔར། སི་ཁྲོན་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་པ་དང་། མདུན་ལམ་རྒྱ་ཆེན་པོ་ཡོད་ལ་འབྱུང་འགྱུར་ལ་རེ་བ་ཆེན་པོ་ཡང་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་ལེན་བསྟར་བའི་འགག་རྩའི་ལོ་ཡིན་པས། ད་ལོའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱ་དགོས་ཤིང་། བརྟན་པོར་ཡོང་བར་གོང་དུ་བཞག་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་པ་དང་། ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན་བཅས་བྱ་རྒྱུ་མཐའ་འཁྱོངས་ཤིང་། “བརྟན་པོ་དྲུག་”དང་“འགན་ལེན་དྲུག་”གི་ལས་དོན་ཏན་ཏིག་ངང་བསྒྲུབ་ཅིང་། རིམས་ཚུལ་འགོག་ཟོན་དམ་འཛིན་ཏན་ཏིག་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བ་དང་། རྒྱུན་མཐུད་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་བྱེད་ཅིང་། རྒྱུད་རིམ་ལྡན་པའི་ཉེན་ཁ་མི་ཡོང་བའི་མཐིལ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་སྐྱོང་སྤུས་ཚད་མཐོན་པོས་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་བསྐུལ་བ། རིམས་ཚུལ་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་པོར་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ་བཅས་ཀྱི་སྒོ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་འགྲུབ་པར་འགན་ལེན་ཏན་ཏིག་བྱ་དགོས། 

    ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་ཞུ་བའི་འགག་རྩའི་དུས་སྐབས་སུ་འཚོག་པའི་ ཚོགས་འདུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོས ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་ཁག་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། སྲོག་ཤིང་སྲུང་སྐྱོང་། སྔ་འཛིན་ཕྱི་གཏོད། དཔའ་སྐྱེད་མདུན་སྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྤར་དགོས་ཤིང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླང་ཞིང་།“འདུ་ཤེས་བཞི”སྔར་བས་ཆེ་རུ་གཏོང་བ་དང་།“གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སི་ཁྲོན་གྱི་ལས་དོན་ལ་གཅིག་འདོམས་མཐའ་གཅིག་ཏུ་བྱ་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པར་རྩེ་གཅིག་ཏུ་དམིགས་ཏེ། ཚོགས་ཆེན་གྱི་ཡིག་ཆར་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་དང་། བློ་བསྡུས་དགེ་འཚོལ། ཇུས་ཤུགས་མཉམ་འདོན་བྱས་ཏེ། སི་ཁྲོན་ འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་བཟོ་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ“གཏན་འགོག་བཅུ”སོགས་ཀྱི་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འདེམས་བསྐོའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་དགོས། སྟོབས་ཆེན་གཅིག་ཏུ་བསྒྲིལ་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཁོར་ཡུག་བཟང་པོ་བསྐྲུན་ཅིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་བར་སྣེ་ཁྲིད་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མུ་མཐུད་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པའི་རྒྱལ་ཁ་གསར་པ་རྒྱུན་མི་ཆད་པ་བླངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་འབོད་སྐུལ་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཀྲུའུ་ཞིའི་ཡིག་ལན་འདིས་ལོ37རིང་གི་མཛའ་བརྩེ་བཟང་པོ་བསྐྱངས་ཡོད།
  • ལེ་ཚན་རྗེས་མ།:ཉིང་སྐྱུར་དཔེ་བཤེར་གྱི་རིན་པ་མི་རེར་སྒོར་མོ16ལས་མི་དགོས།
  • དོ་སྣང་ཆེ་བའི་རྩོམ།