འདས་མཆོད་ཀྱི་ཆོ་ག།

གཅན་ཚ་བཀྲ་བྷོས་བརྩམས།        2022-05-27

འདས་མཆོད་ཀྱི་ཆོ་ག།
ཕུང་པོ་བྱར་ཕུལ་ཚུལ།

འདས་མཆོད་ཅེས་པ་ནི་མི་ཚེ་གཅིག་གི་ལམ་ཧྲིལ་བོར་སྐབས་ལྔ་ཡོད་པའི་རིམ་པ་ཡོངས་སུ་རྫོགས་པ་དང་། ཡང་ན་མི་ཞིག་རྐྱེན་ངན་བར་ཆད་གང་རུང་གིས་འཇིག་རྟེན་མི་ཡུལ་དང་གཏན་དུ་ཁ་གྱེས་པར་གཉེན་ཉེ་རྣམས་ཀྱིས་འདས་པོར་ཆེས་མཐའ་མཇུག་གི་མི་ཚེའི་ཆོ་ག་སྒྲུབ་པ་དེ་ལ་ཟེར།

རྒྱལ་ཁབ་ཕྱི་ནང་གི་མིའི་རིགས་རིག་པ་ཞིབ་འཇུག་པ་དག་གིས་ཀྱང་། འདས་མཆོད་ནི་རྣམ་ཤེས་ཀྱི་འདུ་ཤེས་དང་བསྟུན་ནས་བྱུང་བར་བཞེད་པ་ལྟར་ན། གདོད་མའི་མི་རྣམས་ཀྱིས་རང་ཉིད་ཀྱི་སྐྱེ་ཁམས་དང་། ཤ་རུས་གདོས་བཅས་ཀྱི་ལུས་གཟུགས་ཀྱི་ཆགས་ཚུལ་ཤེས་རྟོགས་བྱུང་བར་མ་ཟད། བསམ་བློའི་གཙོ་འཁོར་དུ་གྱུར་བའི་རྣམ་ཤེས་ལ་ཡིད་ཆེས་ཤིང་། རྣམ་ཤེས་ཉིད་འགྲོ་སའི་གནས་ཤིག་ཡོད་པར་སེམས་ཀྱི་ཡོད། དེ་ལྟར་ན་འདས་མཆོད་ཀྱི་ཆེས་ཐོག་མའི་ནང་དོན་ནི། འདས་པོའི་རྣམ་ཤེས་ལ་སེམས་གསོ་བྱས་ཏེ་རྣམ་ཤེས་དེ་ཉིད་བདེ་བླག་ངང་འགྲོ་འོས་པའི་སར་སྐྱེལ་མ་བྱེད་པ་དང་། གསོན་པོའི་མི་རྣམས་ལ་གནོད་འཚེ་རེ་མ་གཏོང་ཞེས་པའི་ཞུ་སྐུལ་གྱི་དོན་ཡོད་ལ། དེང་གི་དུས་འདིར་འདས་མཆོད་ཀྱི་ཆོ་ག་བརྒྱུད་ནས་འདས་པོའི་བཀའ་དྲིན་རྗེས་སུ་དྲན་ཞིང་། བརྩེ་དུངས་མཚོན་པའི་དགེ་བའི་ཆོས་དག་ཤི་བོའི་སྐྱེ་སྒོའི་ཕྱིར་དུ་བསྒྲུབ་པ་ལས་གཞན་བེམ་པོ་དོ་དམ་ལེགས་པོ་ཞིག་བྱེད་པའི་ཐབས་ཀྱི་ཆོ་ག་ཞིག་ཀྱང་རེད་སྙམ། མདོར་ན། གནའ་དེང་གང་ཡིན་ཡང་འདས་མཆོད་ཀྱི་ཆེས་རྩ་བའི་ནང་དོན་ཏེ། རྣམ་ཤེས་གཞི་གཅིག་ནས་གཞན་ལ་འཕོ་བའི་སེམས་དང་། སེམས་ཀྱི་འདུ་བྱེད་དང་དེ་ལས་འཕྲོས་པའི་ཆོ་ག་སྤྱི་ཙམ་པོ་དེ་ནམ་ཡང་མེད་པར་གཏོང་མི་སྲིད་དོ།།

འདས་མཆོད་ཀྱི་ཆོ་ག།
ཕུང་པོ་ལྗོན་ཤིང་དུ་བཀལ་ཚུལ།

དེ་ཡང་ཡོངས་གྲགས་སུ་བོད་ཀྱི་གཤིན་པོ་དུར་འཇུག་བྱེད་སྲོལ་ལ་ས་དུར་དང་། ཆུར་བཤགས། སྦྱིན་སྲེག །བྱར་གཡེང་བཅས་སྤྱིའི་རིགས་བཞི་དང་། གཞན་བླ་སྤྲུལ་སོགས་དམར་གདུང་བྱ་སྲོལ་བསྣན་ན་བསྡོམས་པས་ལྔ་ཡོད་པ་དེ་དག་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གི་ཆོ་ག་དང་བྱ་བྱེད་ཀྱི་རིམ་པ་ངེས་ཅན་ལྡན་སྲིད་པས། འདིར་ཐོག་མར་ཐུན་མོང་དུ་གྲུབ་ཟིན་པའི་ཆོ་གའི་རིམ་པ་ཅུང་ཙམ་སྤྲོ་བར་བྱ།

རིམ་པ་དང་པོ་ནི་བརྡ་སྒྲོན་པ་སྟེ། མི་རྒན་དར་གཞོན་གསུམ་སུ་ཞིག་ཚེ་ལས་འདས་པ་ན། གསང་བ་མི་བྱེད་པར་འཕྲལ་དུ་ཤ་རུས་གཉེན་ཉེ་དང་རུ་སྐོར་ཚོ་བ་ལ་བརྡ་གཏོང་། རུ་སྐོར་ཚོ་བ་རྣམས་ཀྱིས་སྟོན་མོ་དང་རྩེད་འཇོའི་དགའ་སྟོན་སོགས་ཀྱང་གནས་སྐབས་དེ་མ་ཐག་ཏུ་མཚམས་འཇོག་པར་བྱེད་ལ། རང་རང་ས་ནས་རང་འགུལ་གྱིས་སྡུག་ལ་མ་འཕྱི། སྐྱིད་ལ་མ་སྔ་ཞེས་དང་། གྲོང་རོགས་ཀྱི་བ་ཤི་ཡང་། ཞག་གསུམ་གླུ་མ་ལེན། ཞེས་པ་ལྟར་འདས་པོའི་གཉེན་ཉེའི་སེམས་གསོ་ལ་དངོས་པོ་གང་རུང་ཁྱེར་ནས་ཁྱིམ་དེར་ཡོང་ཞིང་། དེ་ནས་ཚོ་དཔོན་དང་སྡེ་དཔོན་གྱིས་བཀོད་སྒྲིག་ལྟར་དུར་འཇུག་དང་འདས་མཆོད་ཀྱི་བྱ་བྱེད་རྫོགས་རག་བར་ལས་རོགས་བྱེད།

རིམ་པ་གཉིས་པ་ནི་འཕོ་བ་ཞུ་བ་སྟེ། སྤྱིར་གཤིན་པོའི་ཕུང་བོར་བླ་མས་འཕོ་བ་མ་གྲུབ་པར་སུས་ཀྱང་ལག་པ་སོགས་ཀྱིས་རེག་མི་རུང་ཞིང་། མ་སྒུལ་བར་འཇོག་དགོས་ལ།འཛེམ་བྱའམ་བརྩི་བྱ་འདི་ནི་གློ་བུར་གྱི་ཆག་སྒོ་དང་མཚོན་སོགས་ཀྱིས་འཆི་བ་ཞིག་མིན་ན།ཅི་ཐུབ་གང་ནུས་ཀྱིས་བརྩི་ཞིང་བསྒྲུབ་དགོས་པ་ཞིག་ཏུ་སེམས་ཀྱི་ཡོད་ལ། ཐོག་མར་ལག་པ་འཆིང་ས་དེ་ནས་འདས་པོའི་རྣམ་ཤེས་ཕྱིར་ཐོན་པར་བཤད། དེ་ཡང་སྐེད་པ་མན་ནས་ཐོན་ན་ངན་སོང་དང་སྐེད་པ་ཡན་ནས་ཐོན་ན་བདེ་འགྲོར་སྐྱེ་ཞེས་པའི་ཟེར་སྲོལ་ཡོད་ལ། ལྟེ་བ་ནས་འཕོས་ན་འདོད་ཁམས་ཀྱི་ལྷར་སྐྱེས་པ་སོགས་རྣམ་ཤེས་འཕོ་བའི་སྒོ་དགུ་སོ་སོ་ནས་འཕོས་པས་ངན་འགྲོ་དང་བདེ་འགྲོ་སོ་སོ་ནས་སྐྱེ་ཚུལ་གྱི་བཤད་པ་ཡོད། དེ་བས་འཕོ་བའི་གདམས་པ་ཡོད་པའི་བླ་མ་ཞིག་གདན་དྲངས་ཏེ་འཕོ་བ་ཞུ་དགོས། བླ་མ་གདམས་པ་ཅན་དག་སྐུ་དངོས་སུ་ཕེབས་མ་ཐུབ་པ་བྱུང་ན་རྒྱང་འཕོ་གནང་ཡང་ཆོག་པར་བཤད། ཡང་བླ་མ་འགའ་ཤས་ཀྱིས་འཕོ་རྫས་རིལ་བུ་གནང་སྲོལ་ཡང་ཡོད། རིལ་བུ་དེ་གནང་ན་འདས་པོའི་ཕུང་བོར་གཞན་གྱིས་མ་རེག་གོང་སྐྱེས་པ་ལོ་ལོན་བསམ་ཤེས་སམ་སྐྲ་ཁ་གཙང་བ་ཞིག་གིས། ལག་པ་བཀྲུས་ཏེ་འབྲི་མར་རམ། བ་མར་གང་རུང་རིལ་བུ་དང་ལྷན་དུ་སྦྱར་ཏེ་འདས་པོའི་སྤྱི་གཙུག་ལ་མནན་ནས་འཇོག་དགོས། གལ་ཏེ་འཕོ་རྫས་རིལ་བུའང་མེད་ན། གཤིན་པོར་ལག་པ་ཐོག་མར་རེག་པ་པོ་གང་དེས་སྤྱི་གཙུག་གི་སྐྲ་ནས་འཐེན་ཙམ་བྱས་རྗེས་ལག་པས་འཆིང་ན་ཆོག །དེ་ནི་འདས་པའི་རྣམ་ཤེས་སྒོ་གཞན་ནས་མི་འཕོ་བར་སྤྱི་གཙུག་ནས་ཐོན་ཏེ་ངན་སོང་གི་སྐྱེ་སྒོ་གཅོད་པའི་ཕྱིར་དུའོ།།

འདས་མཆོད་ཀྱི་ཆོ་ག།
ཕུང་པོ་ཁང་ཞབས་ལ་བཞག་ཚུལ།

དེ་དང་དུས་མཚུངས་སུ་ཐག་ཉེའི་དགོན་སྡེ་ཁག་དང་སྔགས་ཁང་གང་རུང་ལ་གཤིན་པོའི་འགྲོ་སྐར་དང་། སྐུ་རིམ། གཤིན་འཇུག་གི་དུས་སོགས་ལ་བརྟགས་ཤིང་གཏན་འབེབས་བྱེད་དུ་འགྲོ་ལ། དེའི་ཞོར་དུ་བདུན་པ་སའང་གདན་འདྲེན་བྱ།

རིམ་པ་གསུམ་པ་ནི་གཤིན་སྐར་བརྟག་པ་པོའི་ངག་ལྟར་བདུན་པ་བ་སྟེ། གྲྭ་བཙུན་བདུན་གྱིས་ངན་སོང་འཇོམས་པའི་རྒྱལ་པོ་ཀུན་རིག་བདག་འཇུག་གི་ཁྲུས་ཆོག་གམ། གསང་འདུས་བདག་འཇུག་གི་ཁྲུས་ཆོག །བདེ་མཆོག་བདག་

རིམ་པ་ལྔ་པ་ནི་གཤིན་པོ་འགྲིལ་བྱེད་ཀྱི་རས་ཐུམ་མམ་གཏེར་ཁུག་བཟོ་ཞིང་འགྲིལ་བར་བྱེད་པ་སྟེ། དེར་ཡང་འཛེམ་སྤང་དང་གཏན་འཁེལ་མང་དུ་ཡོད། འདས་པོའི་སྤར་ཁ་ལྟར་རས་ཀྱི་ཁ་དོག་གིས་གཤིན་པོ་འགྲིལ་གྱི་ཡོད། འདས་པོའི་སྤར་ཁ་ལི་ཡིན་ན་ཕུང་བོ་འགྲིལ་བྱེད་ཀྱི་རས་ཀྱི་ཁ་དོག་ནག་པོ་དང་། སྤར་ཁ་ཁེན་ཡིན་ན་རས་ཀྱི་ཁ་དོག་དམར་པོ། ཁོན་ཡིན་ན་རས་ཀྱི་ཁ་དོག་ལྗང་ཁུ། ད་ཡིན་ན་རས་ཀྱི་ཁ་དོག་དམར་པོ། ཁམ་ཡིན་ན་རས་ཀྱི་ཁ་དོག་སེར་པོ། གིན་ཡིན་ན་རས་ཀྱི་ཁ་དོག་སྔོན་པོ། ཟིན་ཡིན་ན་རས་ཀྱི་ཁ་དོག་དཀར་པོ། ཟོན་ཡིན་ནའང་དཀར་པོ་ཡིན་པ་དང་། དེ་མིན་སྤར་ཁའི་ཕྱག་རྒྱ་དེ་དག་འདས་པོའི་ངོ་གདོང་ངམ་ཕུང་བོ་འགྲིལ་བྱེད་ཀྱི་རས་ཐུམ་སྟེང་དུ་སྦྱོར་སྲོལ་ཡང་མཆིས། གཞན་ད་དུང་འདས་པོར་ལམ་སྟོན་གྱི་མཆོད་མེ་དང་། ལམ་བྲོའི་ཚ་གསུར་སོགས་ནི་བར་དོའི་འཇིག་རྟེན་གྱི་དུས་ཏེ། ཉིན་ཞག་ཞེ་དགུའི་དུས་ཡུན་དུ་ཆག་མེད་དུ་བྱ། དུར་མཆོད་བྱེད་པ་ལའང་འདས་པོའི་ལོ་ཡི་ཆེ་ཆུང་གི་ཁྱད་ཤིན་ཏུ་ཆེ། གལ་ཏེ་ལོ་བརྒྱད་མན་ཆན་གྱི་ལོ་ཆུང་བྱིས་པ་བར་ཆད་དབང་དུ་སོང་ན་དུར་མཆོད་མི་བྱེད་ལ། ཕ་མ་གཉིས་ཀྱི་ཕྱིས་འབྱུང་ཕྲུ་གུར་སྐར་ཉེས་མི་ཡོང་བའི་སླད་དུ་ཟླ་བ་མ་ཚང་བར་མངལ་ཤོར་ཐེབས་ཚེ་ཁང་བའི་མཛོད་ཕུག་ཏུ་སྦ་བ་དང་། དུས་ཚོད་ནམ་ལངས་ཡོས་ཀྱི་ཐོག་ཏུ་བཙས་ནས་ཉིན་ཕྱེད་སྦྲུལ་ཙམ་དུ་འཆི་ལམ་དུ་སོང་ཚེ་རྒྱ་ལམ་གྱི་སུམ་མདོར་སྦ་བ་དང་། བཙས་ནས་ཟླ་བ་ཁ་མ་གང་བར་འཆི་ལམ་དུ་སོང་ཚེ་ཕྲུ་གུ་བུ་ཡིན་ན་རང་ཁྱིམ་གྱི་ཆུ་ལམ་གྱི་གཡས་ཀྱི་ཕྱོགས་སུ་སྦ་བ་དང་། ཕྲུ་གུ་བུ་མོ་ཡིན་ན་ཆུ་ལམ་གྱི་གཡོན་ཕྱོགས་སུ་སྦ་བ་དང་། ཟླ་བ་གཅིག་ནས་འཆི་ལམ་དུ་སོང་ཚེ་ཆུ་ལ་བསྐྱུར་བ། ཟླ་བ་གཉིས་ནས་འཆི་ལམ་དུ་སོང་ཚེ་རང་ཁྱིམ་གྱི་སྒོ་ཐེམ་འོག་ཏུ་སྦ་བ་དང་། ཟླ་བ་གསུམ་ནས་འཆི་ལམ་དུ་སོང་ཚེ་རང་ཁྱིམ་གྱི་སྒོའི་གཡས་སུ་སྦ་བ་དང་། ཟླ་བ་བཞི་ནས་འཆི་ལམ་དུ་སོང་ཚེ་ལམ་གྱི་ཟུར་དུ་སྦ་བ་དང་། ཟླ་བ་ལྔ་དང་བརྒྱད་ནས་བཅུ་གཅིག་བར་འཆི་ལམ་དུ་སོང་ན་དེ་དག་ཆུ་ལ་བསྐྱུར་བ་དང་། ཟླ་བ་དྲུག་ཏུ་འཆི་ལམ་དུ་སོང་ཚེ་སྒོའི་གཡོན་དུ་སྦ་བ་དང་། ལོ་གཅིག་ནས་འཆི་ལམ་དུ་སོང་ཚེ་རང་ཁྱིམ་གྱི་ཁང་རྒྱབ་ཏུ་སྦ་བ་དང་། ལོ་གཉིས་ནས་འཆི་ལམ་དུ་སོང་ཚེ་གཙང་བོའམ་རྒྱུག་ཆུའི་གཡོན་འགྲམ་དུ་སྦ་བ་དང་། ལོ་གསུམ་ནས་འཆི་ལམ་དུ་སོང་ཚེ་རང་ཁྱིམ་གྱི་གཡས་ཕྱོགས་སུ་སྦ་བ་དང་། ལོ་བཞི་ནས་འཆི་ལམ་དུ་སོང་ཚེ་གནམ་གྱིས་མི་མཐོང་སར་སྦ་བ་དང་། ལོ་ལྔ་ནས་འཆི་ལམ་དུ་སོང་ཚེ་ནོར་ལྷས་སུ་སྦ་བ་དང་། ལོ་དྲུག་ནས་འཆི་ལམ་དུ་སོང་ཚེ་རང་ཁྱིམ་གྱི་ཐེམ་འོག(སྐས་ཐེམ)ཏུ་སྦ་བ་དང་། ལོ་བདུན་ནས་འཆི་ལམ་དུ་སོང་ཚེ་ཕྱིའི་ཞིང་སར་སྦ་བ་བཅས་ཀྱི་བྱ་བྱེད་སྟབས་བདེ་དག་སྤེལ་བ་ལས་དུར་མཆོད་ཀྱི་ཆོ་ག་གཞན་མི་སྤེལ་བ་སོགས་ནི་ཟུར་བཅུག་གི་བཤད་པ་ཡིན།

འདས་མཆོད་ཀྱི་ཆོ་ག།
ཕུང་པོ་ཆུར་བཏང་ཚུལ།

མཇུག་མཐའི་རིམ་པ་ནི། གཤིན་པོ་དུར་འཇུག་བྱེད་པའི་སྐབས་སུ་སྤང་བླང་གི་ཆ་ལྟར་བཤེས་གཉེན་བསྐྱེད་རྫོགས་ལྡན་པ་ཡིས་སྔོན་འགྲོ་གནམ་ས་སྣང་བརྒྱད་དང་། གཟུངས་སྒྲུབ་བཀྲ་ཤིས་བརྩེགས་པ། ལམ་སེལ་སྡེ་བརྒྱད་དང་གསེར་སྐྱེམས་སོགས་བཏང་ནས་རོ་ལམ་དབྱེ་བའི་ཆོ་གར་འབད་ཅིང་། གཟའ་ཟླ་བ་དང་ལྷག་པ། པ་སངས་གསུམ་ལ་ཕུང་བོ་མི་སྐྱེལ་ལོ།།

  • ལེ་ཚན་སྔོན་མ།: གེ་སྨད་ཡུལ་གྱི་གཤིན་ཆོས་ཀྱི་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།