རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།

    ལྡེའུ་བཙན་དང་ཨོ་རྒྱན་གྱིས་བྲིས།    2022-05-27

དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་འགྱུར་ངག་གི་མཆོད་པ་ཏང་ལ་འབུལ་ཞེས་པའི་གླུ་དབྱངས་འགྲན་སྡུར་གྱི་ཟུར་བྲིས།

རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།

དཔྱིད་གསུམ་དྲོད་འཇམ་རླུང་བུས་མཐོ་སྒང་གི་རི་ཀླུང་ཀུན་ལ་ཚེ་སྲོག་གསར་པའི་གསོན་ཤུགས་བསྩལ་ཞིང་། སྦྲང་ཆར་བསིལ་མའི་དངོས་གྲུབ་ཀྱིས་ལྗང་མདོག་གི་མྱུ་གུས་ས་ཤུན་བརྟོལ་བ་དང་། ཁུ་བྱུག་གི་གསུང་སྙན་གྱིས་རི་ཁ་བ་ཅན་གྱི་སྣོད་བཅུད་མ་ལུས་གཉིད་ལས་དཀྲོགས་པའི་དུས་ཚིགས་འདིར། ན་གཞོན་གསར་པའི་རྨི་ལམ་ལ་འོད་སྣང་གིས་གསལ་ཞིང་མི་རབས་གསར་པའི་ཕུགས་འདུན་ལ་རེ་བས་ཁེངས་བའི་དུས་སྐབས་ཤིག་ངང་གིས་ཚེས།

སྤྱི་ཟླ5པའི་ཚེས14ཉིན་ཏེ་གཟའ་སྤེན་པའི་དགོང་མོར། དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གིས་དཔྱིད་དཔལ་སྒེག་མོའི་འཆོར་ཉམས་སློབ་གྲྭའི་ར་བར་ངོམས་པ་དང་མཉམ་དུ། ༼ དྲུག་འགྱུར་ངག་གི་མཆོད་པ་ཏང་ལ་འབུལ༽ ཞེས་པའི་སློབ་གྲྭའི་ལོ་རིམ་ཁག་གི་གླུ་པ་གླུ་མ་དག་གིས་གླུ་དབྱངས་འགྲན་སྡུར་གྱི་རིག་རྩལ་བྱེད་སྒོ་ཞིག་སློབ་རའི་ཉི་འོད་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད། བྱེད་སྒོའི་སྟེང་དུ་དགེ་སློབ་ལས་བཟོ་བ་ཡོངས་རྫོགས་ཞུགས་ཤིང་། སློབ་མའི་ལུས་བདེ་མོའི་སྟངས་སྟབས་གར་གྱི་མཆོད་པ་རེ་རེས་སྐུ་དྲིན་ཆེན་དགེ་རྒན་རྣམ་པའི་ངལ་དུབ་ཀྱི་སྐྱོ་བ་ཡོངས་སུ་བསལ་ཞིང་། ངག་སྙན་མོའི་དབྱངས་ཀྱི་མཆོད་པ་རེ་རེས་བརྩེ་བའི་སློབ་གྲོགས་རྣམས་ཀྱི་སེམས་ཁམས་སྐྱིད་ལ་བསྐུལ་ནས་དགེ་སློབ་ཡོངས་ཀྱི་གཟའ་མཇུག་གི་འཚོ་བ་སྤྲོ་སྣང་དང་འདུ་འཛོམས་ཀྱི་དཔལ་བཟང་པོ་ལ་རོལ་དུ་བཅུག་པ་རེད།

རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།

བྱེད་སྒོ་འདིའི་ཐོག་མའི་སྟ་གོན་ནི་སློབ་གཙོ་བདེ་སྐྱིད་གཡང་འཛོམས་དང་བོད་ཡིག་སྡེ་ཁག་གི་སྡེ་གཙོ་མཁའ་འགྲོ་སྐྱབས་སོགས་འབྲེལ་ཡོད་མགོ་ཁྲིད་དག་གིས་སྣེ་ཁྲིད་ནས། སྡེ་ཁག་གི་མི་སྣ་ཡོངས་ཀྱི་བསམ་ཚུལ་བསྡུ་ལེན་དང་། གྲོས་ཐོག་གྲོས་ལ་བཞག་སྟེ་ཐག་བཅད་པའི་གླུ་དབྱངས་འགྲན་སྡུར་གྱི་རིག་རྩལ་བྱེད་སྒོ་ཞིག་ཡིན་ལ། འདིའི་དམིགས་འབེན་ནི་སྣ་མང་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ། སློབ་མའི་ལུས་སེམས་བདེ་ཐང་དང་གླུ་ངག་གི་དབྱངས་རྟ་གདངས་སུ་གྱེར་རྒྱུ་དང་། རང་ཉིད་ཀྱི་ནུས་པ་འདོན་སྤེལ། སློབ་མའི་སྣ་མང་གི་ཤེས་རབ་སྔོག་འདོན་བྱ་རྒྱུ་སོགས་ཡིན། དེ་བཞིན། བྱེད་སྒོ་འདིའི་ཐོག་མཐའ་བར་གསུམ་དུ་བོད་ཡིག་དགེ་རྒན་དག་གིས་དཀའ་ལས་སྐུ་ཚེགས་གང་མང་མྱངས་ཤིང་། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་ངག་ལ་ཞབས་འདེགས་ཨེན་ཙམ་ཞིག་བསྒྲུབ་རྒྱུ་དང་། དྲུག་འགྱུར་ངག་གི་མཆོད་པ་དབྱངས་རྟ་ལ་དྲངས་ཏེ། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་འབད་ཡོད། ད་དུང་། ཐེངས་འདིའི་གླུ་དབྱངས་འགྲན་སྡུར་ཁྲོད་ཡོད་ཚད་ནི་དངོས་ལེན་དང་། དབྱངས་རྟ་དང་རོལ་མོ་སོགས་ཀྱང་སྲོལ་རྒྱུན་ནས་དེང་རབས་ལ་ཁ་ཕྱོགས་པའི་ཁྱད་ཆོས་བླ་མེད་མཆིས་སོ་སྙམ་མོ།།

ཐེངས་འདིའི་འགྲན་ཞུགས་པའི་ཁྱབ་ཁོངས་ནི། སློབ་ཆུང་གི་གཅེས་སུ་འོས་པའི་གྲ་སྒྲིག་འཛིན་གྲྭ་ནས་ལང་ཚོའི་ཁོ་ལག་རབ་ཏུ་སྨིན་པའི་དམའ་འབྲིང་ལོ་རིམ་གཉིས་པའི་བར་གྱི་འཛིན་གྲྭ་ཁྱོན་ཉི་ཤུ་རྩ་དགུ་ཡོད་ལ། དེའི་ཁྲོད་ཨང་དང་པོ་གཅིག། ཨང་གཉིས་པ་གསུམ། ཨང་གསུམ་པ་ལྔ། ཕུལ་བྱུང་ལྔ་བཅས་ཁྱོན་གླུ་པ་གླུ་མ་བཅུ་བཞི་ལ་བྱ་དགའ་ཐོབ་ཡོད་ཅིང་།ཤེལ་བུམ་དང་གཟེངས་བསྟོད་དཔང་ཡིག་སོགས་ཕྱིར་དྲན་གྱི་རིན་ཐང་བླ་མེད་མཆིས་པའི་བྱ་དགའ་གྱ་ནོམ་པ་ཤ་སྟག་ཐོབ་ཡོད་པ་རེད།

རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།

མཇུག་ཏུ་རེ་བའི་འདུན་མ་བཟང་པོ་དོན་དུ་སྨིན་པའི་བཀྲ་ཤིས་ཁ་གཡང་བཟང་པོས་མཐའ་བརྒྱན་པ་དང་། གོང་དགེ་རྒན་དམ་པའི་སྐུ་རི་རྒྱལ་བཞིན་དུ་བརྟན་ཞིང་། འོག་བརྩེ་བའི་སློབ་མས་སྦྱངས་འབྲས་བཟང་པོ་རྟག་ཏུ་ལེན་པའི་སྨོན་འདུན་གྱི་ངང་ནས་དགེ་སློབ་དག་དགོད་སྒྲ་དང་དགའ་བསུའི་ཁྲོད་ནས་བྱེད་སྒོ་བདེ་བླག་ངང་མཇུག་གྲོལ་ལོ།།

དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་སྤྱི་ལེ་དོན་དྲུག་གི་མཚམས་ཏེ། ལྷ་སྒང་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་གནས་མཆོག་མི་ཉག་རྡོ་ར་དཀར་མོར་གཞིས་ཆགས་ཤིང་། དེ་ཡང་སློབ་གྲྭ་འདི་ཉིད་ནི་རྒྱལ་ཁབ་ཀྱི་ལོ་དགུའི་འོས་འགན་སློབ་གསོའི་སྙིང་དོན་དང་བོད་ཀྱི་སྤྱི་ཚོགས་སློབ་གསོ་ལེགས་བཅོས། ཁྱད་པར་མི་ཉག་ཡུལ་ཁམས་ཀྱི་ཤེས་རྨོངས་གནད་སེལ་ལ་རྐང་བཙུགས་ཏེ། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས2006ལོར་གསར་འཛུགས་གནང་བའི་ཆུང་འབྲིང་ལམ་ལུགས་ཀྱི་གཞུང་གཉེར་སློབ་གྲྭ་ཞིག་ཡིན། ད་ལྟའི་ཆར། སློབ་གྲྭ་འདིར་སློབ་མ2000ཙམ་དང་དགེ་བཟོ་བ160ལྷག་ཡོད་པ་དང་། ལོ་རེར་གསར་ཞུགས་སློབ་མ200ལྷག་ལ་ཉེ་བ་བསྡུ་ལེན་བྱེད་ཀྱི་ཡོད་ཅིང་། ཕྱིའི་ཁོར་ཡུག་གི་བཀོད་པ་དང་བར་སློབ་ཁྲིད་ཀྱི་སྒྲིག་རིམ། ནང་ཤེས་ཡོན་གྱི་སྦྱངས་འབྲས་གང་གི་ཆ་ནས་ཀྱང་། དེང་རབས་ཀྱི་ཁ་ཕྱོགས་མ་བོར་བ་དང་སྲོལ་རྒྱུན་གྱི་ཉམས་མ་དོར་ལ།དགེ་སློབ་ཀྱི་མཛའ་བརྩེ་ཟབ་པའི་བདག་ཉིད་དུ་གྱུར་ཡོད་པར་མ་ཟད། སློབ་གསོ་ནི་སྤྱི་ཚོགས་ཡར་སྐུལ་གྱི་སྒུལ་ཤུགས་ཨང་དང་པོ་ཡིན་པ་དང་། མི་རིགས་ཡར་རྒྱས་ནི་རྒྱལ་ཁབ་དར་རྒྱས་ཀྱི་སྲོག་རྩར་གཏོགས་པས། དར་མདོའི་གྲོང་ཁྱེར་གྱི་ཁོངས་སུ་ཐེ་བའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་སྐལ་ལེགས་བཅོས་ཀྱི་ཐད་དུ། ད་ལྟའི་བར་སློབ་གྲྭ་འདི་ཡིས་མི་ཉག་ས་ཁུལ་དུ་དངོས་ཕན་གྱི་དཔེ་བཟང་ཟླ་མེད་བསྐྲུན་ཡོད། དེ་བས། སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་སློབ་གསོ་ནི་བརྩེ་བའི་རྨང་གཞི་ལས་འཁྲུངས་ཞེས་བསྟན་པ་བཞིན། བརྩེ་བས་ཕྱུག་པའི་སློབ་གྲྭ་འདི་གའི་དབུ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་ལོ་ཟླ་མང་བོར་འབད་འབུངས་རྒྱུན་སྐྱོང་བྱས་པའི་སྟོབས་ཀྱིས། ཉེ་འཁོར་གྱི་སློབ་གྲྭ་བཅུ་ཕྲག་དག་གི་མཉམ་རྒྱུགས་འགྲན་སྡུར་ཁྲོད། བསྟུད་མར་ལོ་མང་པོའི་རིང་ལ་བོད་ཡིག་གི་རྒྱུགས་སྐར་ཨང་དང་པོ་ཐོབ་པ་སོགས། སློབ་བུ་ཀུན་གྱི་སྦྱངས་ཐོབ་ལ་གྲུབ་འབྲས་མངོན་གསལ་བྱུང་བས། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་དབུ་ཁྲིད་ཆེ་གྲས་རྣམ་པ་སློབ་གྲྭ་འདིར་ཐེངས་མང་བོར་གཟིགས་ཞིབ་ཏུ་ཕེབས་ཏེ། སློབ་མ་རྣམས་ཀྱི་ཀུན་སྤྱོད་དང་སློབ་གཉེར་གྱི་སྐོར་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད།

རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།
རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།
རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།

མདོར་ན། ཁྱིམ་ཚང་དང་བུ་ཕྲུག་གི་འབྱུང་འགྱུར་ལ་དོ་ཁུར་ཟབ་པའི་ཁྱིམ་བདག་དང་། ཤེས་ཡོན་དང་ལྷག་བསམ་གྱིས་གཏམས་པའི་དགེ་རྒན། རང་ཉིད་དང་རིགས་ཀྱི་མདུན་ལམ་ལ་ཧུར་བརྩོན་མངའ་བའི་སློབ་བུ་མཉམ་འཛོམས་ཀྱིས་གྲུབ་པའི་སློབ་གྲྭ་འདི་ཉིད་ནི། ཁམས་མི་ཉག་ཡུལ་གྱི་ཤེས་རིག་གི་བསྟི་གནས་དཀྱེལ་ཡངས་པ་ཞིག་ཏུ་འགྱུར་བཞིན་པས་མི་ཚད། མ་འོངས་པར་སོ་སོའི་ཡུལ་སྡེ་ལ་བྱས་རྗེས་རླབས་ཆེན་འཇོག་པའི་སྐྱེས་བུ་དུ་མ་འཁྲུངས་པར་ཡང་། གནས་འདིའི་མང་ཚོགས་དང་དགེ་སློབ་ཐུན་མོང་གིས་ཆོད་སེམས་བརྟན་པོ་འཆང་ཡོད་དོ།།



  • ལེ་ཚན་སྔོན་མ།:ཉིང་སྐྱུར་དཔེ་བཤེར་གྱི་རིན་པ་མི་རེར་སྒོར་མོ16ལས་མི་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།