སྙིང་ཐུབ་ཀྱི་མི།

ཁམས་པ་རབ་དབྱངས།        2022-05-27

ཁྱེད་ཀྱི་གྲིབ་མ་ལ་ལག་པ་རིང་དུ་བསྲིངས་ཏེ། ནུབ་ཁའི་ཉི་ཟེར་གྱི་ཕྱི་མིག་དགུང་ནས་རུབ་དུས། ལྗིག་ཏིག་ཏིག་གི་བྲང་གཞུང་ལ། སེམས་ཀྱི་སྙིང་ཁ་གས་ཤིང་། དྲན་གདུང་གི་རླུང་བུ་གཡོས་སོང་། སྙིང་ཐུབ་ཀྱི་མི། ངའི་སེམས་ཀྱི་འཇིག་རྟེན་རྒྱ་ཆེར་མེད་ཀྱང་། ངའི་སེམས་ནང་ལ་ཁྱེད་ཀྱི་གྲིབ་མ་དང་དངོས་མིང་ལས་ཅི་ཡང་མི་འདུག་ནའང་། ཚེ་རབས་ཀྱི་འཇིག་རྟེན་འདི་ནས་ལུས་ངག་གི་དཀྱིལ་ན་ཡོད་པ་དེ་ཁྱེད་རང་ཡིན། ཁྱེད་དྲན་ནས་སྒྲུང་གཏམ་གྱི་སྐུད་པ་ཕྲ་སོང་། ཁྱེད་བཙལ་ནས་རྒྱང་བཞུད་ཀྱི་ཉི་མ་དམར་ལིང་ངེ་འཚེར་སོང་།

སྙིང་ཐུབ་ཀྱི་མི། དགུང་གི་མཚམས་སྤྲིན་གྱི་འོད་ཟེར་དྭངས་ལ་ཉེ་རྗེས་ནས། ངས་ཁྱེད་ཀྱི་ལང་ཚོ་འདྲ་བའི་གྲིབ་མ་མཐོང་སོང་། རླུང་གིས་སྐྱོད་པའི་སྐྲ་སྣེའི་ལན་བུ་ཞིག། ང་ཡི་མིག་ལམ་ནས་ཡང་ཡང་གཡོས་ཏེ། འདས་སོང་གི་བསྐལ་བ་ཞིག་སེམས་ནས་བློས་བསླངས་བྱས་སོང་། དེ་ནི་དངོས་གནས་ཁྱེད་ཡིན་ནམ། ཁྱེད་ཀྱི་སྐྲ་སྣེའི་ལན་བུ་དེ་ཡིན་ནམ། མི་ཚོགས་ཀྱི་མི་ཁ་རྣོ་བས། ངས་ཁྱེད་ལ་ཡང་ཡང་ལྟ་མ་ཕོད།

ཡང་ན་ཁྱེད་ཀྱི་མཛེས་སྡུག་གི་གྲིབ་མ་ནི་མིག་མཐའ་ནས་འཚེར་བའི་གཞོན་ནུ་མ་ཞིག་གི་ཞལ་རས་ཀྱི་འཛུམ་བག་དེ་ཡིན་ནམ། སེམས་ཀྱི་སྐར་ཚོམས་ནས་མཆེད་པའི་འོད་ཀྱི་ཟེགས་མ་དེ་ཡིན། དགུང་ཕྱི་འཕྲེད་ནས་ལག་པས་ལག་པ་གཞོལ་ནས་ཁྱེད་ཉིད་འཚོལ་བའི་རེ་སྒུག་གི་ཉི་མ་འཚོལ་དུས། ཉི་མའི་འོད་ཐག་ངའི་གྲིབ་མ་དང་ཉེ་བར་བཅར་དུས། ངས་དུས་ཚོད་ཀྱི་ཞལ་ཁེབས་ཡར་ལ་བཀྱགས་ཏེ་ཁྱེད་ཀྱི་མཛེས་སྡུག་ལ་ཅེར་ཡོད། སྐྲ་ལོའི་ལན་བུ་མཛེས་པར་བསླས་ཏེ་སེམས་ཀྱི་མིག་ཟུང་ཡིན་པའི་སྙིང་ཐུབ་ཁྱེད། ངའི་འདས་དོན་མི་ཚེ་ཡང་ཡང་འཁོར་སོང་།

ཞོགས་པ་དེར་སྨུག་སྤྲིན་གྱི་ཆར་ཟིམ་དྲངས་ནས་ཁྱེད་ཉིད་ང་ཡི་ཉེ་དྲུང་དུ་འབྱོར་ཅིང་། ཕྱི་འཕྲེད་དེར་དགུང་གི་ཉི་མ་དམར་ཐག་འཛུམ་གྱིན་ཁྱེད་ཉིད་ང་ཡིས་སྙིང་དབུས་ནས་གྱེས་དུས། ཁྱེད་ནི་བདག་གི་སྙིང་གི་གོར་གོར་བཞིན་ཅི་ནས་ཀྱང་སེམས་ནས་གསུབ་ཐུབ་མེད་པ་དེ་ཁྱེད་ཡིན། དགུང་ཉི་མའི་དྲོད་ཐིག་བཞིན་སེམས་ནས་ཡལ་བ་མེད་པ་ཁྱེད་ཀྱི་སེམས་དྲོད་དེ་རེད།

སྙིང་ཐུབ་ཀྱི་མི། དེ་རིང་ཡང་ཁྱེད་ཀྱི་མཛེས་སྡུག་གི་ཞལ་ངོ་མཐོང་བྱུང་། སྐྲ་ལོའི་ལན་བུ་དེ་སྔར་བཞིན་རླུང་ཁར་གཟེངས་ཤིང་མྱི་ཁར་སྐྱོད་ཀྱིན་འདུག།སྙིང་ཐུབ་ལགས།ཁྱེད་ཀྱི་ལས་དབང་གི་ཁ་དོག་ལ་འཁྱུད་པའི་ཁ་དོག་དེ། ངའི་ལོ་ཟླ་བར་གསེང་ཉར་ནས་མི་ཚེའི་ཞེ་འདང་འཚོལ་ཡོད། ཡིན་ཡང་ཁྱེད་ཀྱི་མཛེས་སྡུག་གི་ཞལ་ངོ་དེ་ཞོགས་པའི་ཉི་ཟེར་བཞིན་བདག་གི་སེམས་ངོས་སུ་ཡང་ཡང་འཁོར་ཏེ། སེམས་ནས་ཡལ་རྒྱུ་མི་འདུག། ང་ལ་སྐྱོ་གདུང་འཇིག་རྟེན་ཞིག་རུབ་སྟེ། ཁེར་རྐྱང་གི་མཚན་མོ་མང་པོ་འཕྲད་དུས། ངས་སེམས་པ་གཉོམ་པོ་འདི་ཁྱེད་ལ་བཏང་སྟེ། ཁྱེད་ཀྱི་མཛེས་སྡུག་དག་ཡིད་ལ་ཇེ་འཆར་བྱས་ནས། ཁྱེད་ཀྱི་ཡིད་སྙིང་ན་ཟུག་པའི་སེམས་ཀྱི་ངུ་འབོད་ཅིག། ཡར་ཀླུང་གཙང་པོའི་རླབས་རྒྱུན་བསྒྲགས་འདོད། ཁྲི་ཤོར་རྒྱལ་མོའི་འཇིངས་པ་རུ་བསྐྱལ་འདོད།

ཡིན་ཡང་། ས་མཐའ་ག་གེ་མོ་ནས་ཁྱེད་རང་གི་མཛེས་སྡུག་འཚོལ་བཞིན།ཁུ་སིམ་མེར་ངང་ནས་ཁྱེད་ཀྱི་བརྩེ་འདང་ཀློག་གིན་ཡོད། གཏམ་ཁ་རྩང་བཤད་དེ་དེ་རིང་ས་མཐའ་འདི་ནས་ཁྱེད་རང་གླེང་དགོས་པ་འདི་ཡང་ལས་དབང་ཡིན་དུ་ཆུགས། སེམས་ཁྱེད་ཀྱི་ཤ་རུས་ཀྱི་གསེང་ན་ཡོད་ཀྱང་ལུས་གྲུབ་མའི་མཛེས་སྡུག་ས་མཐའ་རྒྱང་ལྟ་བྱ་དགོས་པ་ཡང་བར་ཐག་ཡིན་དུ་ཆུགས། ཚེ་སྲོག་གི་དབུགས་རྒྱུན་གྱི་རྒྱུ་བ་མ་ཆད་ཅིང་། སྙིང་ཁོང་བརྩེ་བ་འདི་འདྲེ་དང་གདོན་གྱི་གནོད་ཤུགས་མ་བཏང་ན། ང་ཁྱེད་ལ་སེམས་ཀྱི་སྐྱེ་བ་ཇེ་འཁྲེང་ཡིན། ང་ཁྱེད་ལ་སྙིང་ཐུབ་ཇེ་ཆེར་ཡིན།



  • ལེ་ཚན་སྔོན་མ།:ཉི་འོད་འོག་གི་གསར་འགྱུར།
  • ལེ་ཚན་རྗེས་མ།:སྣང་ཚོར་སྟོང་པ།