རང་ཁྱིམ་ལོས་དྲན། དྲོད་ཁོལ་གྱི་འབྱུང་ཁུངས་རེད།

བསོད་ནམས་ཆོས་སྐྱིད།        2022-06-15

     རང་ཁྱིམ་ལ་སྨྲ་མི་ཤེས་ཤིང་བརྗོད་དཀའ་བའི་བརྩེ་བ་དམར་པོ་ཞིག་གསང་སྦས་མེད་པར་གང་བདེར་སེམས་ཁུངས་སུ་ཉར་ཆོག་ལ་སྨྲ་བརྗོད་ལྷུག་པོར་ཁ་བ་འབབ་པ་ལྟར་བརྗོད་ཆོག་པའི་དག་ཞིང་ཡིན།མིའི་བཤད་སྲོལ་ལྟར་ན་བརྩེ་བ་གང་ལ་ཡོད་ན། བདེ་སྐྱིད་དེ་རུ་ཡོད་ཅེས་པ་ལྟར།བྲལ་དཀའ་ལ་བརྗེད་དཀའ་བའི་བརྩེ་བ་དང་དྲོད་ཁུག་ལྡན་པའི་རང་ཁྱིམ།ཁྱོད་བདེ་མོ་ཡིན་ནམ།མདང་དགོང་ངའི་རྨི་ལམ་གྱི་ཞིང་ཁམས་ནས་ཀ་བཞི་གདུང་བརྒྱད་ལས་གྲུབ་པའི་དབྱིབས་གྲུ་བཞི་མ་དེར་དར་དཀར་གྱིས་གཡོགས་ཏེ་བཀྲ་ཤིས་པའི་ཁ་གཡང་བོས།ཁྱོད་ཀྱིས་ཤེས་སམ།ཁྱོད་དྲན་ཐེངས་རེར་ངའི་ཁྲ་ཆུང་མིག་ལ་མཆི་མའི་གཡང་བཞག་འཁོར་བཞིན་འཇིག་རྟེན་འདི་ན་ཁྱོད་མ་གཏོགས་ང་ལ་རེ་སྒུག་དང་ཡིད་ཆེས་བྱེད་མཁན་དཀོན་པ་རྟོགས་ཐུབ།ངས་ནམ་ཡང་རང་ཉིད་ནི་བསོད་ནམས་ཅན་གྱི་མི་ཞིག་ཡིན་བསམ་གྱིན་ཡོད།རྒྱུ་མཚན་གསལ་པོ་བཤད་ན་དྲོད་ཁོལ་གྱིས་ཁེངས་པའི་ཁྱོད་ཡོད་པས་ཡིན།ཁྱོས་ཀྱིས་ཤེས་སམ།ང་དང་ང་འདྲ་བའི་ན་གཞོན་གང་མང་ཞིག་ཁྱི་སྨྱོན་ལྟར་ལྡོམ་འཁྱམས་ལས་ཁྱིམ་ཞེས་པའི་ཐ་སྙད་མི་དབང་ལ་དབྱར་དགུན་གྱི་སྡུག་བསྔལ་གང་མང་ཞིག་རང་གི་མ་གཏོགས་བརྗོད་ས་མེད་པ་ངས་ལོས་ཤེས། ཁྱིམ་ཞེས་པའི་ཐ་སྙད་འདི་ཡང་ཨ་ཕའི་རྔུལ་ཆུ་དང་ཨ་མའི་འབད་འབུངས་སྡུག་བསྔལ་གྱི་གྲུབ་པ་ཡིན་ལ།སྡུག་བསྔལ་ལས་ད་གཟོད་བདེ་སྐྱིད་ཐོབ་ཅེས་པ་ཅིས་མ་བདེན།མདང་དགོང་ང་རང་མལ་ལ་ཉལ་སྐབས་ངས་གྲོགས་མོའི་ང་ལ་གཟུགས་མཐོང་ཞིག་གི་བར་ནས་ངེད་གཉིས་ཀྱི་རྒྱང་ཐག་ཁྲི་ཕྲག་ཆོད་བར་གནས་པའི་རླབས་ཆེན་གྱི་རྒྱབ་རི་སྨུག་པོ་ཡིན་ཞེས་གླེང་སྐབས་མོས་ང་ལ།ད་ཟླ་འགའ་ཡི་རྗེས་ནས་ཕ་ཡུལ་ལ་ལོག་རྒྱུའི་གྲ་སྒྲིག་ཡོད་ཟེར་སྐབས།ངས་ཡ་མཚན་དང་བཅས་ཅི་རེད་འདྲི་སྐབས།མོས་ཀྱང་དང་ཐོག་དེང་རབས་ཀྱི་ན་གཞོན་ཚོས་བསམ་བློ་ལྟར་རྙོག་འཛིང་གི་གྲོང་ཁྱེར་འདིར་རེ་བ་དང་ཡིད་ཆེས་བཅངས་ཏེ་ཧོལ་རྒྱུག་གིས་ཁྱིམ་ཞེས་པའི་ཞེན་ཆགས་གྱི་ཁུར་བོ་དེ་བརྒྱབ་ཏུ་བཞག་ནས་ལམ་ལ་ཆས་ཀྱང།སྡོད་ཀྱིན་སྡོད་ཀྱིན་འཇིག་རྟེན་འདིའི་སྟེང་དུ་ཆ་རྐྱེན་གང་ཡང་མེད་པར་བརྩེ་བ་རྣམ་དག་ཅིག་ཡོད་པ་དེ་ནི་ཕ་མའི་བརྩེ་བ་དེ་ཡིན་ཞིང་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཡང་ཕ་མ་གཉིས་འཛོམས་ཀྱི་བསྐྲུན་པའི་ཁྱིམ་གཞི་དེ་ཡིན་ཟེར་ལ།ད་ཁྱིམ་ལ་འགྲོ་རན་འདུག། ནམ་ཞིག་གི་ཚེ་ཁྱིམ་ཟེར་བ་ཡང་རང་ལ་དབང་བ་མི་ཤེས་ཟེར་ནས་ཡུན་རིང་ཧིན་སྒྲ་དང་བཅས་ནས་བསྡད།ཁ་དཔེ་ལྟར་རྒྱུ་མི་རྟག་རྩ་མགོའི་ཟིལ་བ་བཞིན་ང་ཚོའི་འཁོར་བ་འདི་ཡང་སྐྱིད་དུས་སྐྱིད་དྲགས་པ་དང་སྡུག་དུས་སྡུག་ཡེར་རེ་མངོན་པ་ནི་ཆོས་ཉིད་ཡིན་ཡང།དུས་དེ་རིང་རང་ཁྱིམ་ཞེས་པའི་ཡིག་འབྲི་དེ་ཡང་མཐོང་ལམ་དུ་མངོན།རང་ཁྱིམ་འདིའི་དགོད་སྒྲ་དང་འཛུམ་མདངས་རེ་རེ་ང་ཚོའི་སེམས་ཁམས་གསོ་བའི་བདུད་རྩི་ཡིན་ལ།ཁྱོད་ཀྱི་གོམས་གཤིས་རེ་རེ་ང་ཚོའི་མི་གཤིས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན། 

  • ལེ་ཚན་སྔོན་མ།:སེམས་ཀྱི་རྡོག་ཁྲེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།