ཡུལ་སྡེ་དར་རྒྱས་གཏོང་བའི་མཛེས་སྡུག་གི་རི་མོ་མཉམ་དུ་འབྲི།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-06-15

ཡུལ་སྡེ་དར་རྒྱས་གཏོང་བའི་མཛེས་སྡུག་གི་རི་མོ་མཉམ་དུ་འབྲི།

“ཆ་བསགས”སྤྱད་ནས་དངོས་པོ་བརྗེ་བཞིན་པ།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཡིན་ལ། ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་སྤེལ་བའི་འགག་རྩའི་ལོ་ཞིག་ཀྱང་རེད། ཇི་ལྟར་བྱས་ནས་སྔར་ལས་ནུས་ལྡན་གྱིས་ཡུལ་སྡེ་དར་རྒྱས་གཏོང་བ་དང་། ཇི་ལྟར་བྱས་ན་ཞིབ་ཕྲའི་སྐུལ་འདེད་ཁྲོད་དུ་ཡུལ་སྡེ་དར་རྒྱས་གོང་འཕེལ་གཏོང་བར་དེ་བས་འཚམ་པ་ཡོད་པ་སོགས་ཀྱི་དོགས་གཞི་ཁྱེར་ནས། གསར་འགོད་པ་ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་མཁས་སྨད་གྲོང་སྡེ་དང་སྡོམ་རྭ་གྲོང་སྡེར་བཅར་འདྲི་བྱེད་དུ་བསྐྱོད་པ་ཡིན།

“བཅོས་སྐྱོང་ཆུང་ངུ”ཡིས་འགྱུར་ལྡོག་ཆེན་པོར་རམ་འདེགས་བྱས།

མཁས་སྨད་གྲོང་སྡེའི་གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་གི་སྤྱི་བསྒྲགས་ཚན་བྱང་ནང་དུ་སྒྲིག་སྲོལ་ལམ་ལུགས་སོ་སོ་ཡོངས་བསྒྲགས་བྱས་ཏེ་བྱང་བུའི་ཐོག་ཏུ་བྲིས་ཡོད་པ་དང་། དེའི་གཞོགས་གཅིག་ཏུ་སྦྱར་བའི“དམར་སྔོན”བཅོས་སྐྱོང་ཆུང་ངུའི་རྩིས་ཁྲ་དེར་མི་རྣམས་ཀྱི་དོ་སྣང་ཆེན་པོ་ཐོབ། རྩིས་ཁྲ་དེའི་ཁ་ཕྱེ་བ་ན་དེའི་ནང་དུ་གནད་དོན་གོང་ཞུ་བྱེད་པའི་དུས་ཚོད་དང་དོན་དག་ཐག་གཅོད་བྱེད་པའི་འགན་འཁུར་བ། ཐག་གཅོད་བྱེད་པའི་དུས་བཅད། ཐག་གཅོད་བྱེད་པའི་ཐབས་ཤེས། ལེགས་འགྲུབ་བྱུང་བའི་གནས་ཚུལ་སོགས་གསལ་ཐག་ཆོད་པ་བྲིས་འདུག།

“གྲོང་མི་རྣམས་སྔར་ལས་ལྷག་པར་ཡུལ་སྡེ་བཅོས་སྐྱོང་ཁྲོད་ཞུགས་ཐུབ་པ་དང་གྲོང་སྡེའི་ལས་དོན་ལ་སྔར་ལས་ལྷག་པར་ཚང་མས་ལྟ་སྐུལ་དང་ལེན་ཐུབ་ཆེད། ན་ནིང་སྤྱི་ཟླ་བཅུ་པ་ནས་བཟུང་གྲོང་སྡེས‘དམར་སྔོན’བཅོས་སྒྲིག་གི་རྩིས་ཐོ་བཟོས། བྱེད་སྟངས་དེ་སྤྱད་རྗེས་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད”ཅེས་སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མཁས་སྨད་གྲོང་སྡེར་བཅའ་སྡོད་བྱེད་པར་བཏང་བའི་རུ་མི་ཧོང་ཧོ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “དམར་སྔོན”བཅོས་སྒྲིག་རྩིས་ཐོ་དེ“ཡུལ་ཤོག་ལས་བྱེད་པའི་ངོས་དང་གྲོང་སྡེའི་ལས་བྱེད་པའི་ངོས” གཉིས་སུ་དབྱེ་ཡོད་པ་དང་ཡུལ་ཤོག་ལས་བྱེད་པའི་ངོས་དེ་རྩིས་ཐོ་དམར་པོ་ཡིན་པ་དང་གྲོང་སྡེའི་ལས་བྱེད་པའི་ངོས་རྩིས་ཐོ་སྔོན་པོ་དེ་རེད། ལས་རེས་ལས་བྱེད་པས་ཉིན་ལྟར་ཤེས་རྟོགས་བྱུང་བའི་གྲོང་སྡེ་རིམ་པའི་གནད་དོན་དང་ཡང་ན་གྲོང་མིས་གོང་ཞུ་བྱེད་པའི་གནད་དོན་རྣམས་སྤྱི་བསྒྲགས་རྩིས་ཐོའི་ཐོག་བྲིས་ཡོད་པ་དཔེར་ན། གྲོང་སྡེ་རིམ་པའི་སྤྱི་པའི་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས། རྩོད་གཞི་འདུམ་འགྲིག་སོགས་དང་ལག་བསྟར་དོན་འཁྱོལ་བྱེད་མཁན་གྱི་འབྲེལ་ཡོད་མི་སྣ་བཅས་བྲིས་ཡོད། གནད་དོན་དག་ཐེར་དང་ཐག་གཅོད་བྱས་རྗེས་གནད་དོན་གསར་རྟོགས་བྱུང་བའི་གྲོང་སྡེའི་ལས་བྱེད་པས་དག་ཐེར་དང་ལེགས་བཅོས་བྱས་པ་ཚད་ལ་ལོན་མིན་ལ་ཞིབ་བཤེར་བྱས་རྗེས་མིང་རྟགས་འགོད་དགོས།

“‘དམར་སྔོན’ བཅོས་སྐྱོང་ཆུང་ངུའི་རྩིས་ཁྲ་དེ་ལག་བསྟར་བྱས་རྗེས་གྲོང་སྡེར་བྱུང་བའི་གནད་དོན་ཚང་མར་ཆེད་བསྐོ་མི་སྣས་འགན་འཁུར་བྱེད་བཞིན་ཡོད། གནད་དོན་བྱུང་བ་ནས་གནད་དོན་ཐག་གཅོད་བྱས་པའི་བར་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་ལྟ་སྐུལ་བྱེད་པའི་སྒྲིག་སྲོལ་ཡོད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་ཞིག་ཆགས་ནས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་མི་ཐུབ་པའི་དཀའ་གནད་བསལ་བ་རེད” ཅེས་བཤད་པ་རེད།

གཞན་ཡང་གྲོང་མིའི་བསམ་བློ་དང་ཉམས་འགྱུར་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། མཁས་སྨད་གྲོང་སྡེས་ད་དུང“ཁོར་ཡུག་གསར་པ་དང་འཚམ་པ། གོམས་གཤིས་རྙིང་པར་འགྱུར་ལྡོག་གཏོང་བ། འདུ་ཤེས་གསར་པ་གསལ་བཟོ་བྱེད་པ། ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱེད་པ”བཅས་དམིགས་ཡུལ་དུ་བྱས་ནས་གྲོང་སྡེ་ཡོངས་སུ“དུས་རབས་གསར་པ་དང་འཚོ་བ་གསར་པ། དར་སྲོལ་གསར་པ”བཅས་ནང་དོན་དུ་བྱས་པའི“གསར་པ་གསུམ”གྱི་དཔལ་ཡོན་གསར་འཛུགས་བྱས་པ་དང་གྲོང་སྡེའི་ལས་བྱེད་པའི་སྣེ་ཁྲིད་འོག་གྲོང་མིའི་བསམ་གཞིག་དང་བྱ་སྤྱོད་ལ་རིམ་གྱིས་འགྱུར་ལྡོག་བྱུང་བ་རེད།

“དུས་ཚིགས་རེར་གྲོང་སྡེའི་ནང་དུ་འཁོར་སྐྱོད་ཀྱི་དར་དམར་འཕྲོད་བསྟེན་དུད་ཚང་གི་དཔྱད་བསྡུར་བྱེད་སྒོ་སྤེལ་གྱི་ཡོད། དུས་ཚིགས་འདིར་ངེད་ཚང་ལ་འཁོར་སྐྱོད་དར་དམར་ཐོབ་ཡོད” གྲོང་མི་བློ་བཟང་དགེ་འདུན་གྱིས་སྤྲོ་བའི་ཉམས་འགྱུར་གྱིས“དཔྱད་བསྡུར་བྱེད་ཐེངས་རེར་གྲོང་སྡེའི་ལས་བྱེད་པས་ཡུལ་དངོས་ནས་དཔྱད་བསྡུར་འདྲ་པར་གྲོང་སྡེའི་ནང་བསྐུར་ནས་ཚང་མའི་མཉམ་དུ་སྐར་མ་རྒྱག་གི་ཡོད། འཁོར་སྐྱོད་དར་དམར་ཐོབ་པར་བྱ་དགའ་སྒོར100རེ་ཡོད་ལ། གལ་ཆེ་བ་ནི་སྒོར་མོ་མིན་ལ་འཁོར་སྐྱོད་དར་དམར་ཐོབ་ན་དེ་ནི་གཟི་བརྗིད་ཅིག་དང་ཁྱིམ་ཚང་ཚང་མར་སྤོབས་སེམས་སྐྱེས་འོས་པ་ཞིག་རེད”ཅེས་བཤད།

ཡུལ་སྡེའི“བཅོས་སྐྱོང་ཆུང་ངུའི”ཁྲོད་མཁས་སྨད་གྲོང་སྡེས་ད་དུང“1+1+4+N+323”ཀྱི་འགན་ལེན་དང་འགན་བཅོལ་སྤྱི་ཚོགས་བཅོས་སྐྱོང་དྲྭ་མིག་ཅན་གྱི་དོ་དམ་མ་ལག་བཏོན་པ་དང་འབྲེལ། གད་སྙིགས་རིགས་དབྱེ་བྱ་རྒྱུ་དམ་འཛིན་བྱས་ཏེ་གྲོང་སྡེ་རིམ་པའི་གད་སྙིགས་རིགས་དབྱེ་བསྡུ་ལེན་ས་ཚུགས་བཙུགས་ནས་ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་བཅོས་སྒྲིག་བྱ་སྤྱོད་ལ་མུ་མཐུད་ནས་སྐུལ་འདེད་བཏང་། ཀྲེ་ཅང་གི་བཙོག་ཆུ་གཙང་སེལ་ཉམས་མྱོང་ལ་བརྟེན་ནས་ད་ལོའི་ལོ་འགོར་ཤར་ནུབ་རྒྱུད་ཀྱི་མཉམ་ལས་མ་དངུལ་སྒོར་ཁྲི2700བཏང་ནས་མཁས་སྨད་གྲོང་སྡེ་ཧྲིལ་པོའི་བཙོག་ཆུ་གཙང་སེལ་ལས་གྲྭར་རིམ་སྤོར་སྒྱུར་བཀོད་བྱས་པས་ཡུལ་སྡེ་བཅོས་སྐྱོང་རྒྱུན་མཐུད་དང་ཇེ་ལེགས་སུ་འགྲོ་བར་སྔར་ལས་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

“ཆ་བསགས”ལ་བརྟེན་ནས་ཡ་རབས་ཡུལ་སྲོལ་ལ་གསོན་ཤུགས་བསྣན།

མཁས་སྨད་གྲོང་སྡེའི་བྱེད་སྟངས་དང་མི་འདྲ་བ་ཞིག་ལ་སྡོམ་རྭ་གྲོང་སྡེས་ཡུལ་སྡེ་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་དུ“ཆ་བསགས”ཀྱི་བྱེད་ཐབས་གསར་པ་སྤྱད་ཡོད།

སྡོམ་རྭ་གྲོང་སྡེའི་ཡ་རབས་སྤྱོད་བཟང་གི“ཆ་བསགས”སྒོ་རྩིས་ཚོང་ཁང་དུ་སླེབས་སྐབས། མིག་ལམ་དུ་མངོན་པ་ནི་ཚོང་སྒྲོམ་ཐོག་གི་འདག་ཕྱེ་དང་སྣུམ་ནག། འདག་རྫས། འབྲས་སོགས་ཀྱི་ཚོང་ཟོག་ཡིན་ཞིང་། གྱང་ངོས་སུ་ཆ་བསགས་ཀྱིས་བརྗེ་འགྲུལ་དོ་དམ་བྱེད་ཐབས་དང་ཚད་གཞི་གསལ་པོ་སྦྱར་ཡོད། སྒོ་རྩིས་ཚོང་ཁང་ཆེན་པོ་མེད་ཀྱང་འཕྲོད་བསྟེན་གཙང་དག་ཡིན་ཞིང་སྒྲིག་གཤོམ་གོ་རིམ་དང་ལྡན་པ་ཞིག་འདུག།

ཚོང་ཁང་གི་ཚོང་རྫས་ཕྱིར་འཚོང་བྱེད་མིན་འདྲི་སྐབས། སི་ཁྲོན་རྨང་གཞིའི་སྒྲིག་བཀོད་མ་དངུལ་གཏོང་འཇོག་ཚོགས་པས་འདེམས་མངགས་བྱས་པའི་གྲོང་སྡེའི་བཅའ་སྡོད་རུ་མི་དབྱང་ཧྲི་མིང་གིས་འཛུམ་དམུལ་དམུལ་ངང“དངོས་རྫས་འདི་དག་བཙོངས་རྒྱུ་མིན་ལ། དེ་ནི་གྲོང་མིས་ཆ་བསགས་བརྒྱུད་ནས་བརྗེས་དགོས་པ་རེད། དེ་སྔོན་ང་ཚོས་དུས་ཚིགས་དང་པོའི་ཆ་བསགས་བརྗེ་འགྲུལ་བྱས་པ་ཡིན། ད་སྐབས་དུས་ཚིགས་གཉིས་པའི་བརྗེ་དངོས་གྲ་སྒིག་བྱེད་བཞིན་ཡོད”ཅེས་བཤད།

“དེ་སྔོན་གྲོང་སྡེར་སྒྲིག་སྲོལ་ལམ་ལུགས་བཟོས་ནས་འཕྲོད་བསྟེན་མེད་པ་དང་མ་རབས་ཀྱི་བྱ་སྤྱོད་ལ་དངུལ་ཆད་བཅད་ནས་ཐག་གཅོད་བྱེད་ཀྱི་ཡོད་མོད། ཕན་པ་ཏོག་ཙམ་ལས་མེད་པས་རྩ་བ་ནས་བཅོས་ཐུབ་ཀྱི་མི་འདུག། ན་ནང་ཚང་མས་བྱ་དགས་ཆད་གཅོད་ཀྱིས་ཚབ་བྱས་པར་གྲོས་མཐུན་བྱུང་ནས་ཡ་རབས་སྤྱོད་བཟང་གི“ཆ་བསགས”སྒོ་རྩིས་ཚོང་ཁང་ཕྱེས་པ་རེད། ན་ནིང་གི་སྤྱི་ཟླ་དགུ་པར་ཚོད་ལྟ་བྱས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། ལོ་དེའི་སྤྱི་ཟླ་བཅུ་གཅིག་པར་དངོས་སུ་སྒོ་ཕྱེས་བ་རེད” ཅེས་དབྱང་ཧྲི་མིང་གིས་དེ་ལྟར་ངོ་སྤྲོད་བྱས།

ཡ་རབས་སྤྱོད་བཟང་གི“ཆ་བསགས”སྒོ་རྩིས་ཚོང་ཁང་རྒྱུན་གཏན་བཞིན་དུ་འཁོར་སྐྱོད་ཐུབ་ཆེད། དབྱང་ཧྲི་མིང་གི་ཧུར་ཐག་གིས་མངགས་གཏོང་སྡེ་ཚན་ཞིང་ཆེན་ནུས་རྒྱུ་ཚོགས་པའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་རེད། རྨང་གཞིའི་སྒྲིག་བཀོད་མ་དངུལ་གཏོང་འཇོག་ཚོགས་པས་རྒྱབ་བསྐྱོར་བྱས་ནས་ལོ་རེར་སྒོར་ཁྲི2ཀྱི་ཆེད་སྤྱོད་མ་དངུལ་དེ“སྒོ་རྩིས་ཚོང་ཁང”གི་དངོས་ཟོག་ཉོ་རྒྱུར་སྤྱད་པ་རེད། གཞན་ཡང་ཡ་རབས་སྤྱོད་བཟང་གི“ཆ་བསགས”སྒོ་རྩིས་ཚོང་ཁང་ལའང“རག་ཝ་ཡུལ་ཤོག་གི་མ་དངུལ་ཆུང་ངུའི”རྒྱབ་སྐྱོར་ཐོབ་ཡོད་པ་རེད།

ཞིབ་ཕྲའི་བཀོལ་སྤྱོད་ཁྲོད་སྡོམ་རྭ་གྲོང་སྡེའི་དུད་ཚང་གིས་སྡེ་ཚན་བྱས་ནས་གྲོང་སྡེའི“ཨུ་ལྷན་གཉིས”དང་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག། གྲོང་མིའི་འཐུས་མི་ཁག་གཅིག་གི“ཆ་བསགས” ཞྭ་དམར་དང་བླངས་དཔྱད་བསྡུར་ཡན་ལག་རུ་ཁག་སོགས་བཙུགས་ཏེ་གྲོང་མི་ཡ་རབས་ཀྱི་ལག་ལེན་བྱེད་སྒོའི་ནང་ཞུགས་པར་ཟླ་རེར་དཔྱད་བསྡུར་ཐེངས་རེ་དང་དུས་ཚིགས་རེར་གཅིག་སྡུད་ཐོག་ཆ་བསགས་དངོས་བརྗེས་ཀྱི་ལས་དོན་སྤེལ་ཀྱི་ཡོད་པ་རེད།

གཙང་སྦྲ་དོད་པའི་གྲོང་སྡེའི་ལམ་བུ་བརྒྱུད་ནས་གྲོང་མི་སྒྲོལ་མའི་ཁྱིམ་དུ་སླེབས་པ་དང་ཁོ་མོས་གཙང་སྦྲ་བྱེད་བཞིན་དུ་གསར་འགོད་པར་ཁྱོམ་དུ་འོང་ནས་དཀྲུག་ཇ་འཐུང་བར་གདན་འདྲེན་ཞུས།

གསར་འགོད་པས་གྲལ་འགྲིག་པའི་ཁྱིམ་ཆས་དང་དག་གཙང་གི་པང་གཅལ་ལ་ལྟ་བཞིན་དུ “ཆ་བསགས”སྒོ་རྩིས་ཚོང་ཁང་ལ་ཁྱེད་རང་དགའ་པོ་ཨེ་ཡོད་ཅེས་དྲིས་པ་ཡིན། སྒྲོལ་མའི་ངོ་ལ་འཛུམ་གྱིས་ཁེངས་བཞིན“ཧ་ཅང་དགའ་པོ་ཡོད། ད་ཆ་ཚང་མ་གཙང་སྦྲ་བྱ་རྒྱུར་དགའ་པོ་ཡོད། ཉིན་ལྟར་རང་འགུལ་ངང་གཙང་སྦྲ་བྱེད་པར་མ་ཟད་སྐར་མ་འདང་ངེས་ཤིག་ཡོད་ཚེ་དངུལ་བཀོལ་མི་དགོས་པར་སྒོ་རྩིས་ཚོང་ཁང་དུ་དངོས་པོ་བརྗེ་བར་འགྲོ་ཆོག་ལེ་རེད”ཅེས་བཤད།

ཡ་རབས་སྤྱོད་བཟང་གི“ཆ་བསགས”སྒོ་རྩིས་ཚོང་ཁང་དེ་ཅི་འདྲ་ཞིག་ཡིན། དང་ཐོག་གྲོང་མི་མང་པོ་ཞིག་གིས་གསལ་པོ་ཤེས་ཀྱི་མེད་མོད། གྲོང་སྡེའི་བཅའ་སྡོད་རུ་མིས་ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་པར་བརྒྱུད་གྲོང་མིས་རྒྱུན་གཏན་གྱི་གཙང་སྦྲ་འཕྲོད་བསྟེན་དང་ཁྱིམ་ཚང་འཆམ་མཐུན། ཏང་གི་བཀའ་ལ་ཉན་པ། ཏང་གི་དྲིན་གཟོ་སོགས་ཀྱི་ཐད་གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་དཔྱད་བསྡུར་བྱས་ནས“ཆ་བསགས”གསོག་འཇོག་བྱས་པ་དང་སྐར་གྲངས་མང་ཉུང་ལ་བལྟས་ནས་ཡ་རབས་སྤྱོད་བཟང་སྒོ་རྩིས་ཚོང་ཁང་དུ་ཉིན་ལྟར་འཚོ་བའི་མཁོ་ཆས་བརྗེས་ཆོག་པ་ཞིག་ཡིན་པ་རྒྱུས་ལོན་བྱུང་།

“ང་ཚོས་ཆ་བསགས་དངོས་པོར་བརྗེས་པ་དེ་མ་གཞི་དུས་ཚིགས་རེར་ཐེངས་རེ་སྤེལ་གྱི་ཡོད་མོད། འོན་ཀྱང་གྲོང་མིས་དུས་ཚིགས་གོང་མའི་སྐར་མ་བསགས་ནས་དུས་ཚིགས་རྗེས་མར་བརྗེ་ཆོག་པ་རེད། དེ་ནི་དངུལ་ཁང་དུ་དངུལ་བཅོལ་བ་དང་འདྲ་ཡང་དེ་ལ་སྐྱེད་ཀ་མེད”ཅེས་དབྱང་ཧྲི་མིང་གིས་བཞད་སློང་བཞིན་བཤད།

“ཐོན་ལས་ཆུང་ངུ”སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་།

མཁས་སྨད་གྲོང་སྡེ་ནས་ཕྲ་ཕྲེང་ལུང་པའིAབཞི་རིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྱོད་པའི་ལམ་མདོ་ནས “མཁས་སྨད་གྲོང་སྡེའི་ཕྱུགས་ར་ཆུང་ངུ”ཡི་སྒོ་བྱང་གསར་འགོད་པའི་མིག་ལམ་དུ་མངོན།

“དེའི་རྒྱབ་ནི་རྩྭ་ཐང་ཡིན་ལ་ས་ཆ་ཆེན་པོ་མེད་ཀྱང་གྲོང་མིའི་ཕྱུགས་ཟོག་འཚོ་བའི་དཀའ་ངལ་ཆེན་པོ་ཐག་གཅོད་བྱས་ཡོད། གྲོང་སྡེར་འདི་ལྟ་བུའི‘ཕྱུགས་ར་ཆུང་ངུ’ཁག་བཞི་ཡོད། ” ཧོང་ཧི་ཡིས་དེ་སྔ་གྲོང་མིའི་ཁྱིམ་གྱི་ནོར་ལུག་ཚང་མ་གྲོང་སྡེ་དེར་རང་དགར་བཞག་ཡོད། དེ་རྗེས“འཁོར་སྐྱོད་དར་དམར”དང“གསར་པ་གསུམ”སོགས་ཀྱི་བྱེད་སྒོ་དང་བྱེད་ཐབས་ཁྱབ་གདལ་བཏང་ནས་གྲོང་སྡེའི་ཁོར་ཡུག་འཕྲོད་བསྟེན་འགན་ལེན་བྱ་ཆེད་གྲོང་སྡེའི་བྱེད་ཐབས་དེ་རྙེད་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

མཁས་སྨད་གྲོང་སྡེའི་གནས་ཚང་གཉེར་སྐྱོང་དུད་ཚང་འོད་སངས་ཨ་ཡེ་དགའ་ཚང་གིས་ཁང་བརྩེགས་གསུམ་པ་ཡུལ་སྐོར་བར་སྣེ་ལེན་ཞུ་སའི་ཞག་སྡོད་ཁང་བ་བསྐྲུན་ཡོད། བརྙན་འཕྲིན་དང་སྐུད་མེད་དྲྭ་བ། ཁ་པར་སོགས་དེང་རབས་ཀྱི་སྒྲིག་ཆས་ཆ་ཚང་ཡོད་པར་མ་ཟད་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ར་སྔར་བཞིན་ཡོད་པས་བརྗིད་ཆགས་ཀྱི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན།

ད་ལོའི་སྤྱི་ཟླ་གཉིས་པར་ཕྲ་ཕྲེང་ལུང་པའིAབཞི་རིམ་པའི་མཛེས་ལྗོངས་ཁུལ་ལེགས་འགྲུབ་བྱུང་བའི་དུས་མགོར། མཁས་སྨད་གྲོང་སྡེས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲོང་སྡེ་ཡོངས་སུ་སྣེ་ལེན་བྱེད་སའི་དཔེ་སྟོན་གནས་ཚང5བཏོད་ནས་ཉུང་ཤས་ཀྱིས་སྣེ་ཁྲིད་བྱས་པའི་མཉམ་འགུལ་ཕན་འབྲས་མངོན་འགྱུར་བྱུང་བ་རེད།

གསར་འགོད་པ་མཁས་སྨད་གྲོང་སྡེའི་ཤིང་ཏོག་ཁྲེ་ལི་ཙེ་འདེབས་འཛུགས་རྟེན་གཞིར་བསྐྱོད་སྐབས་སྐྱེ་ཚུལ་ཡག་པའི་ཁྲེ་ལི་ཙི་མིག་ལམ་དུ་མངོན་བྱུང་། དེ་སྔ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡེ་ཤེས་བསྟན་འཛིན་གྱིས་སྒོ་རའི་ནང་ཤིང་ཏོག་ཁྲེ་ལི་ཙི་ཡི་སྡོང་པོ་རྨོས་ཡོད་པ་ཁྱིམ་མིའི་ལོངས་སུ་སྤྱོད་ཀྱི་ཡོད། 2018ལོར་ཡུན་ནན་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ཁྱིམ་དུ་ཞག་སྡོད་བྱེད་སྐབས་ཡེ་ཤེས་བསྟན་འཛིན་གྱིས་ཤིང་ཏོག་ཁྲེ་ལི་ཙེ་ཁྱེར་ནས་ཡུལ་སྐོར་བར་བྲོ་བ་མྱང་དུ་བཅུག་པས་ཡུལ་སྐོར་བས་བྲོ་བ་ཞིམ་པའི་བསྔགས་བརྗོད་བྱས་ལ་གལ་སྲིད་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་ན་ཚོང་བྲིན་པོ་ཡིན་པ་བཤད།

ཚོད་ལྟ་ཞིག་བྱེད་པའི་འདུ་ཤེས་བཅངས་ནས་ཡེ་ཤེས་བསྟན་འཛིན་གྱིས་ཁྱིམ་དུ་ཡོད་པའི་ཤིང་ཏོག་ཁྲེ་ལི་ཙི་ཚང་མ་ཁྱེར་ནས་རྫོང་གི་གྲོང་ཁུལ་དུ་སོང་ནས་རྒྱ་མ་གང་ལ་སྒོར25རེ་བྱས་ནས་བཙོངས་མཐར་སྒོར2000ལྷག་རག། གནས་ཚུལ་དེས་ཡེ་ཤེས་བསྟན་འཛིན་གྱི་བློ་སྒོ་ཕྱེས་ཤིང་ཁོས་བསམ་པར་གལ་ཏེ་གྲོང་སྡེ་ཡོངས་ཀྱིས་ཐུན་མོང་ཐོག་ཤིང་ཁྲེ་ལི་ཙེ་བཏབ་ན་གྲོང་མི་ཡོངས་ཀྱི་ཡོང་འབབ་འཕར་བའི་རྣམ་པ་མངོན་འགྱུར་ཡོང་བར་འདོད།

བསམ་ཕྱོགས་གིས་མདུན་ལམ་ཐག་གཅོད་བྱས། གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་ཁྲིད་སྟོན་འོག་ཡུལ་དེ་གའི་གྲོང་མིའི་སྒྱིད་ལུག་གི“སྒུག་རྟེན་སློང” གསུམ་གྱི་བསམ་ཚུལ་ཁྱད་བསད་བྱས་ནས་རང་སྟོབས་རང་སྤེལ་དང་རང་འགུལ་ངང་ཚ་ཚ་འུར་འུར་གྱིས་ས་རྒོད་སློག་པའི་ལས་ཀའི་ནང་དུ་ཞུགས། 2019ལོར་མཁས་སྨད་གྲོང་སྡེའི་རྒྱབ་རིའི་ས་རྒོད་མུའུ80ལ་ཟིན་པ་བསློགས་ནས་ཤིང་ཏོག་ཁྲེ་ལི་ཙེའི་ཤིང་སྡོང1500ལྷག་བཙུགས་པ་རེད།

“ཤིང་ཏོག་ཁྲེ་ལི་ཙེར་འབྲས་བུ་སྨིན་རྗེས་ང་ཚོའི་གྲོང་སྡེར་ལོ་རེར་ཡོང་འབབ་སྒོར་ཁྲི20ནས30བར་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་ཡེ་ཤེས་བསྟན་འཛིན་གྱིས་སྐྱེས་ཚུལ་ལེགས་པའི་ཤིང་ཏོག་ཁྲེ་ལི་ཙེ་ལ་ལྟ་བཞིན་སྤྲོ་དགའ་འཕེལ་བའི་ངང་ནས་དེ་ལྟར་བཤད།

ཕྲ་ཕྲེང་ལུང་པའིA4རིམ་པའི་མཛེས་ལྗོངས་ཁུལ་ལེགས་འགྲུབ་བྱུང་བ་དང་རག་ཝ་ཡུལ་ཤོག་གིས་སྨི་ངོས་གྲུ160ལ་ཟིན་པའི་ཡུལ་སྐོར་དང་ཞིང་ལས་ཐོན་རྫས། རོལ་རྩེད་བཅས་གཞི་གཅིག་ཅན་གྱི“རག་ཝ་རི་ཆུའི”ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཚོང་གཉེར་ཞབས་ཞུ་ལྟེ་གནས་བཙུགས་པ་དང་། མཁས་སྨད་གྲོང་སྡེ་དང་སྡོམ་རྭ་གྲོང་སྡེའི་གྲོང་མིས་དུད་ཚང་རེར་སྒོར1000ཡི་ཚད་གཞི་ལྟར་མ་རྐང་ནང་ཞུགས་ཡོད་པ་རེད། སྡོམ་རྭ་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་དབྱང་ཧྲི་མིང་གིས“གྲོང་མིའི་འཚོ་བ་ཡག་པོ་རོལ་ཐུབ་པར་རེ་བའི་ཁེངས་འདུག”ཅེས་བློ་ཡིད་ཚིམ་པའི་ངང་ནས་དེ་ལྟར་བཤད།།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10