ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ལ་ཕེབས།

        2022-06-10

  ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་ཅིང་། འཕེལ་རྒྱས་ཀྱི་གནས་བབ་གསར་པར་མ་བསྐུལ་དང་ལེན་ངང་འདྲེས་ཞུགས་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་དགོས་ཞེས་གསུངས།


    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་ཞིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་བསམ་གཞི་རྒྱུན་འཁྱོངས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་། མ་བསྐུལ་དང་ལེན་ངང་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་དུ་འདྲེས་ཞུགས་བྱེད་ཅིང་། རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཞིང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་སྲུང་འཛིན་བྱེད་པ། སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།


   སྤྱི་ཟླ6ཚེས8ཉིན་ལ།  ཞི་ཅིན་ཕིང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གི་ཕེབས་རོགས་འོག་སྔ་རྗེས་སུ་མེན་ཧྲན་དང་དབྱི་པིན་ས་ཆར་ཕེབས་ཏེ་ཞིང་སྡེ་དང་།རིག་དངོས་སྲུང་སྐྱོང་སྡེ་ཚན།སློབ་གྲྭ། ཁེ་ལས་སོགས་སུ་བརྟག་ཞིབ་ཏུ་ཕེབས།


   སྤྱི་ཟླ6ཚེས1ཉིན་ལ་སི་ཁྲོན་གཡག་རྔར་ས་འགུལ་རིམ་པ6.1བྱུང་བ་དང་། ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་གནོད་སེལ་ཡག་པོ་བྱེད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་དང་། དུས་ཐོག་ཏུ་རྨས་མ་མང་ཚོགས་སྐྱོབ་བཅོས། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག། ཞོར་ཐོན་གནོད་འཚེ་སྔོན་འགོག། གནོད་རྗེས་བསྐྱར་སྐྲུན་ལ་དམ་འཛིན་བཅས་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་རྒྱལ་ཁབ་ཀྱི་ས་འགུལ་རིམ་པ་གསུམ་པའི་འཚུབ་བསྟུན་བརྡ་ལེན་ཞུས་པ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་འགུལ་འགོག་གནོད་སེལ་ལས་དོན་སྒྲིག་འཛུགས་བྱས་ཏེ། སྲོག་སྐྱོབ་ལམ་བུ་མྱུར་དུ་བཟོ་བ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་བྱས་པ་རེད། ད་སྔར་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་མང་ཆེ་བ་རང་ཁྱིམ་དུ་ཕྱིར་ལོག་པ་དང་། སི་ཁྲོན་གྱིས་ཞིང་ཆེན་རིམ་པའི་ས་འགུལ་རིམ་པ་གསུམ་པའི་འཚུབ་བསྟུན་བརྡ་ལེན་མཚམས་བཞག་ནས་ཉམས་གསོ་བསྐྱར་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།


    རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་རྨས་མ་སྐྱོབ་བཅོས་དང་གནོད་ཐེབས་ས་ཁུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁྲལ་ཆེན་པོ་གནང་བ་དང་འགུལ་འགོག་གནོད་སེལ་གྱི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་རྨས་མ་སྐྱོབ་བཅོས་ལས་དོན་མུ་མཐུད་དེ་ཡག་པོ་སྒྲུབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་ཁམས་ཁྲིད་སྟོན་བྱ་རྒྱུར་ཤུགས་རྒྱག་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་རྗེས་འཇུག་ལས་ཀ་ཐག་གཅོད་དང་དེ་བཞིན་ཁོ་ཚོའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་ཅིང་། མ་མཐའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་ཐུབ་པ་འགན་ལེན་དང་། ཉམས་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཡག་པོ་བཟོ་བ་དང་ལག་བསྟར་མགྱོགས་པ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སྔ་ཙམ་སླར་གསོ་ཡོང་བར་རོགས་རམ་བྱ་དགོས་ཞེས་མངགས་བཅོལ་གནང་བ་རེད།


    ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་མེན་ཧྲན་གྲོང་ཁྱེར་ཏུང་ཕའོ་ཆུས་ཐེ་ཧོ་གྲོང་རྡལ་ཡུང་ཧྥེང་གྲོང་ཚོར་རྟོག་ཞིབ་ཏུ་ཕེབས་པ་རེད། ཡུང་ཧྥེང་གྲོང་ཚོས་ཆུ་འབྲས་ཐོན་ལས་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འབྲས་རིགས་གསར་པའི་ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞི་བསྐྲུན་པ་རེད། ཚད་གཞི་མཐོན་པོའི་ཆུ་འབྲས་འདེབས་འཛུགས་རྟེན་གཞི་རུ། ཞི་ཅིན་ཕིང་གིས་གྲོང་ཚོ་སྤྱིའི་གནས་ཚུལ་ངོ་སྤྲོད་ལ་གསན་འཇོག་གནང་ནས། ཁོ་ཚོས་འབྲུ་རིགས་འདེབས་འཛུགས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་པའི་བྱེད་སྟངས་ལ་གདེང་འཇོག་གང་ལེགས་གནང་། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་ཐང་གཤོངས་ལ་གནའ་སྔ་མོ་ནས་བཟུང་འདོད་ཡོན་ལོངས་སྤྱོད་འབེལ་བའི་ཡུལ་གྲུ་ཞེས་པའི་མཚན་སྙན་ཡོད། རྨོ་ཞིང་གི་འགོམ་མི་རུང་བའི་དམར་ཐིག་ནན་སྲུང་བྱས་ནས་འབྲུ་རིགས་ཐོན་ཁུལ་རྩ་ཆེན་སྲུང་སྐྱོང་ཡག་པོ་བྱ་དགོས་ཤིང་། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ནན་འཛིན་བྱས་ནས་དུས་རབས་གསར་པར་ཆུ་ཚད་དེ་བས་མཐོ་བའི“སི་ཁྲོན་འབྲུ་མཛོད”བསྐྲུན་དགོས་ཞེས་ནན་གསུང་གནང་།


 ཞི་ཅིན་ཕིང་ཚོད་ལྟའི་ཞིང་ནང་དུ་ཕེབས་ནས་ཆུ་འབྲས་སྐྱེས་ཚུལ་ལ་གཟིགས་ཞིབ་གནང་། ཞིང་ལས་ལག་རྩལ་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་ཆུ་འབྲས་ཚོད་འདེབས་སོན་གསོ་དང་འདེབས་འཛུགས་ཁྱབ་གདལ་གཏོང་ཚུལ་ངོ་སྤྲོད་བྱས་པ་རེད། ཞི་ཅིན་ཕིང་གིས་ཆུ་འབྲས་ཀྱི་སོན་བཟང་གསོ་ཡུན་རིང་བས་ཚོད་ལྟ་འདེམས་སྒྲུག་ཡང་ཡང་བྱ་དགོས་ཀྱི་ཡོད། རང་རྒྱལ་གྱི་རྒྱ་ཆེ་བའི་ཞིང་ལས་ཚན་རྩལ་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་འགན་ལེན་དང་འབངས་མི་ལ་ཟས་གོས་ཕུན་སུམ་ཚོགས་པའི་འགན་ལེན་བྱ་ཆེད་བྱས་རྗེས་གལ་ཆེན་བསུབ་ཏུ་མེད་པ་ཕུལ་ཡོད། ཞིང་ལས་དེང་རབས་ཅན་དུ་སྐུལ་བར་ཞིང་ལས་ཀྱི་ཆེད་རམས་པ་ལ་རག་ལས་ཡོད་ཅིང་རྒྱ་ཆེ་བའི་ཞིང་པ་ལ་ཡང་རག་ལས་ཀྱི་ཡོད། དེང་རབས་ཞིང་ལས་ཚན་རྩལ་ཁྱབ་གདལ་བེད་སྤྱོད་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་བརྒྱབ་ནས་འབྲུ་འདེབས་དུད་ཆེན་སྒྲིག་འཛུགས་བྱས་ཏེ་ལྷད་མེད་ཞིང་ལས་དང་། སྐྱེ་ཁམས་ཞིང་ལས། ཆོད་ཆེའི་ཞིང་ལས་བཅས་འཕེལ་རྒྱས་ཧུར་ཐག་གཏང་དགོས། ང་ཚོར་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་ཡིད་ཆེས་དང་གདིང་ཤུགས་ཡོད་ཅེས་བསྟན་པ་རེད།


 ཞི་ཅིན་ཕིང་གིས་ཡུལ་སྡེ་དར་རྒྱས་གཏོང་བའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་གནང་གི་ཡོད། ཁོང་རྐང་ཐང་དུ་ཡུང་ཧྥེང་གྲོང་ཚོའི་བཙོག་ཆུ་གཙང་སེལ་རྫིང་བུ་དང་གྲོང་ཚོའི་རྣམ་པར་གཟིགས་ཞིབ་ཏུ་ཕེབས་པ་དང་། གྲོང་ཚོའི་འཕྲོད་བསྟེན་ས་ཚུགས་ལ་རྟོག་ཞིབ་གནང་ནས་གྲོང་ཚོ་དེའི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞིང་སྡེའི་རིམས་ཚུལ་འགོག་ཟོན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།  ཞི་ཅིན་ཕིང་གིས་ཡུལ་མི་ཚོའི་ལྟོ་གོས་ཐད་ལ་སེམས་ཁྲལ་མེད་པ་བྱུང་རྗེས། སེམས་ཁུར་ཆེ་ཤོས་ནི་སྨན་དང་སྨན་བཅོས་ཀྱི་གནད་དོན་དེ་ཡིན། ཡུལ་སྡེའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེ་བའི་ཞིང་པ་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཡག་པོ་བྱ་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱས་ནས་ཡུལ་མི་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དབུལ་ཐར་བྱུང་རྗེས་ཡུལ་སྡེ་དར་རྒྱས་ཡོང་བར་མུ་མཐུད་དེ་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།


    གྲོང་ཚོ་ནས་ཐོན་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་ཞལ་གྱེས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་འཛིན་བྱེད་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གོམ་སྟབས་རེ་རེ་བཞིན་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་འབངས་མིའི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབས་ནས་འབངས་མི་ཚོར་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་རོལ་ཐུབ་ཆེད་རེད་ཅེས་གསུངས་པ་རེད།


    མེན་ཧྲན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་སུང་རྒྱལ་རབས་བྱང་མའི་རྩོམ་རིག་པ་གྲགས་ཅན་སུའུ་ཞུན་དང་། སུའུ་ཧྲེ། སུའུ་ཀྲེ་ཕ་སྤད་གསུམ་གྱི་བཞུགས་གནས་ཏེ་སུའུ་གསུམ་མཆོད་ཁང་ཆགས་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་སུའུ་ཞུན་ཕ་སྤད་གསུམ་གྱི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་དང་། རྩོམ་རིག་གི་གྲུབ་འབྲས་གཙོ་བོ། ཁྱིམ་གྱི་བསླབ་བྱ་དང་ཁྱིམ་སྲོལ་དང་། དེ་བཞིན་སུའུ་གསུམ་མཆོད་ཁང་གི་ལོ་རྒྱུས་འཕེལ་རིམ་དང་། ཏུང་ཕའོ་རིག་གནས་ཞིབ་འཇུག་རྒྱུན་འཛིན་སོགས་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།  ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་ཡོད་པས་ང་ཚོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་དད་གུས་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཁྲོད་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་དང་བསམ་གཞིག་བསྡུ་ལེན་བྱེད་མཁས་པ་དང་། འཛམ་གླིང་གི་ཤེས་དཔལ་གྱི་གྲུབ་འབྲས་ཕུལ་བྱུང་མཐའ་དག་རྒྱ་ཁྱབ་ངང་དཔྱད་གཞིར་འཛིན་དགོས་པ་ལས་བཀག་སྡོམ་རེངས་བཟུང་བྱེད་མི་རུང་ལ། ཕྱི་རྒྱལ་གྱི་རིག་གནས་མཐའ་དག་ཚད་གཞིར་འཛིན་པ་དེ་བས་ཀྱང་བྱ་རྒྱུ་མེད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་གི་རྒྱུ་ནོར་ཆེས་རྩ་ཆེན་ཞིག་ཡིན་ལ་བུ་རབས་ཚ་རྒྱུད་ལ་བཞག་པའི་ཤུལ་བཞག་ཆེས་ཡག་ཤོས་ཤིག་རེད། སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ།། ཁྱིམ་སྲོལ་བཅས་སྐྱོང་བར་སྣང་ཆེན་བྱ་རྒྱུར་བསྐུལ་བ་དང་། བུ་རབས་ཚ་རྒྱུད་ཀྱིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏང་བ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱ་དགོས་པའི་སྐུལ་མ་བྱ་དགོས། ཏང་མི་དང་ལས་བྱེད་པ་དང་། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་བཀའ་གཙང་ལུས་གཙང་གི་མི་ཞིག་དང་། བརྩོན་བསྲིས་ཁྱིམ་སྐྱོང་། སྤྱོད་གཙང་ལས་སྒྲུབ། སྤྱོད་གཙང་སྲིད་འཛིན་བཅས་བྱས་ཏེ་རང་ཉིད་དང་ཁྱིམ་མིར་གཅུན་འདོམས་ཡག་པོ་བྱས་ནས་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཁྱིམ་སྲོལ་བཟང་པོ་སྐྱེད་སྲིང་བྱ་དགོས།


   ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱི་པིན་གྲོང་ཁྱེར་དུ་རྟོག་ཞིབ་ཏུ་ཕེབས། འབྲི་ཆུ་ཁག་གཉིས་དང་རྨིན་ཅང་གཙང་པོ་དབྱི་པིན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་འདུས་ཤིང་། གཙང་གསུམ་མཉམ་འདྲེས་ཀྱི་བརྗིད་རྔམ་ཆེ་བའི་རྣམ་པ་ཞིག་ཆགས་ཡོད། དབྱི་པིན་ལ་ལེ་དབར་ཁྲི་ཡི་འབྲི་ཆུའི་གྲོང་ཁྱེར་དང་པོ་ཞེས་པའི་མཚན་སྙན་ཡོད་ཅིང་། ལོ་མང་ལ་བཅོས་སྐྱོང་བྱས་པར་བརྒྱུད། གཙང་གསུམ་ཆུ་ངོགས་དྲུག་གི་མཚོ་རྒྱུད་དེ་བས་མཛེས་སྡུག་ལྡན་ཞིང་མི་དམངས་མང་ཚོགས་ཀྱིས་དགའ་མོས་བྱེད་པའི་ཆུ་འགྲམ་གྱི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གཙང་གསུམ་མདོ་རུ་ཕེབས་ནས་གཙང་གསུམ་འབྲེལ་མཚམས་ལ་རྒྱང་གཟིགས་གནང་ཞིང་། ས་གནས་དེ་གས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འབྲི་ཆུའི་ཆུ་ཁོངས་སུ་ཉ་རྒྱ་སྡོམ་པའི་གནས་ཚུལ་ངོ་སྤྲོད་ལ་གསན་པ་རེད། ཞི་ཅིན་ཕིང་གིས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཀྲུང་གོའི་ཤེས་དཔལ་འབྱུང་གནས་སྲུང་སྐྱོང་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། སི་ཁྲོན་འབྲི་ཆུའི་སྟོད་རྒྱུད་དུ་གནས་པས་སྤྱི་ཡོངས་ཀྱི་འདུ་ཤེས་དང་སྟོད་རྒྱུད་ཀྱི་འདུ་ཤེས་ཆེ་རུ་གཏོང་ཞིང་། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་དྭངས་གཙང་གི་ཆུ་མོར་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་བསྟན་པ་རེད།


   ད་ལོར་རང་རྒྱལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་དཔག་བྱས་ན་མི་ཁྲི1076ལ་ཟིན་ནས་ན་ལོའི་དུས་མཉམ་ལས་མི་ཁྲི167འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཞི་ཅིན་ཕིང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། དབྱི་པིན་སློབ་གླིང་དུ་རྟོག་ཞིབ་ལ་ཕེབས་ནས་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འཐུས་ཚབ་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་སློབ་གྲྭའི་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཞབས་ཞུའི་ལས་དོན་ལའང་རྒྱུས་ལོན་གནང་བ་རེད། སློབ་གྲྭའི་གདན་ཞུའི་ཚོམས་ཆེན་དུ་ཁེ་ལས་ཀྱི་གདན་ཞུའི་སྒྲོག་འགྲེལ་ཚོགས་འདུ་འཚོག་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་དགེ་རྒན་དང་། སློབ་མ། ཁེ་ལས་ཀྱི་འགན་འཁུར་བ་བཅས་ལ་ཁེ་ལས་ཀྱིས་ལས་མི་བསྡུ་བའི་དགོས་མཁོ་དང་སློབ་ཐོན་སློབ་མའི་ཆིངས་འཇོག་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མཐོང་ཆེན་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། ད་སྔར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འགག་རྩའི་དུས་མཚམས་ཡིན་པས་ལས་གནས་ཀྱི་ཐོན་ཁུངས་སྔར་བས་སྔོག་པ་དང་། ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་ཞུ་ཏན་ཏིག་དང་ཞིབ་ཚགས་བསྒྲུབ་དགོས་ཤིང་། སློབ་གྲྭ་དང་། ཁེ་ལས། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་སློབ་མའི་ལས་ཞུགས་ཆིངས་འཇོག་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱ་དགོས་པ་དང་། ལྷག་པར་དུ་དབུལ་ཐར་ཁྱིམ་ཚང་དང་། མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་དང་། དེ་བཞིན་དབང་པོ་སྐྱོན་ཅན་ཡིན་པ་དང་། ཡུན་རིང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་བཅས་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་གཞག་དགོས་ཞེས་ནན་གསུང་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་མ་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་པས་ཚང་མས་རང་གཤིས་ཟོལ་མེད་བསྐྱངས་ཏེ་མི་སྒེར་གྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་དགོས་མཁོར་ལྟ་སྟངས་ཚུལ་མཐུན་འཛིན་པ་དང་། དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་ལས་རིགས་དང་ལས་གནས་གདམ་ཞིང་། ངལ་རྩོལ་ལ་དགའ་ཞེན་དང་ཏན་ཏན་ཏིག་ཏིག་ངང་ལག་ལེན་ཁྲོད་དུ་གོམ་པ་རེ་རེ་བཞིན་འཚར་ལོངས་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད། ཁོང་གིས་སློབ་མ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་མ་བསྐུལ་དང་ལེན་ངང་ལག་ལེན་བསྟར་ནས་ཀུན་སྤྱོད་དང་། ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱ་དགོས་པའི་ལྕག་སྐུལ་གནང་བ་རེད།


    དེའི་རྗེས་ཞི་ཅིན་ཕིང་གིས་ཅེ་སྨི་འོད་གློག་ཚད་ཡོད་སྤྱི་གཉེར་ཁང་དུ་རྟོག་ཞིབ་གནང་བ་རེད། ཁོང་སྤྱི་གཉེར་ཁང་གི་འགྲེམས་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས། ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་། ལས་ཞུགས་ལ་སྐུལ་ཁྲིད་དང་། ས་གནས་དེ་གས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དཀའ་ངལ་སེལ་བའི་རོགས་སྐྱོར་སྲིད་ཇུས་བཏོན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ཁྱབ་ཁོངས་ཁག་ཏུ་ཁེ་ལས་རིམ་པ་མཐོ་བ་དང་། སྤུས་དག་ཞིབ་ཚགས། སྔོན་ཐོན་རྩེར་སོན། ཁྱད་ཆོས་དམིགས་བསལ་བཅས་ཡིན་མཁན་སྐྱེད་སྲིང་ཧུར་ཐག་བྱས་ནས“གྲགས་འགུལ་མེད་པའི་ཨང་དང་པོ”དེ་བས་མང་པོ་གསར་དུ་བཙུགས་ནས་ཚན་རྩལ་གསར་གཏོད་ཀྱི་ཚོགས་སྤྱི་ཆགས་པར་བྱ་དགོས་ཞེས་ནན་གསུང་གནང་།

   

    འཁོར་ཁང་གི་ཕྱི་རོལ་ཐང་ཆེན་དུ་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ལས་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རང་རྒྱལ་ནི་བཟོ་སྐྲུན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དུ་མགྱོགས་པར་བསྒྱུར་དགོས། ཀྲུང་གོ་སྟོབས་ལྡན་དུ་འགྱུར་དགོས་ན་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཐད་ནས་སྟོབས་ལྡན་དུ་འགྱུར་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན་ལ། འགྲོ་ལམ་ནི་ཀྱག་ཀྱོག་མང་བ་ཞིག་ཡིན་ཞིང་། ད་དུང་དཀའ་ཉེན་མང་པོར་འཕྲད་སྲིད་ཅིང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདོང་གཏད་ཕོད་པ་བྱ་དགོས། གནམ་ནས་གོ་རེ་ལྷུང་མི་སྲིད། གྲུབ་འབྲས་ཡོད་ཚད་ནི་ང་ཚོས་མཉམ་དུ་འབད་བརྩོན་བརྒྱུད་དེ་ཐོབ་པ་ཡིན། ཚང་མ་ནི་ལོ་རབས80དང90ཡི་ནང་སྐྱེས་པ་ཤ་སྟག་ཡིན་ཞིང་དུས་དང་ཏག་ཏག་ཁེལ་ཡོད། དེས་ན་ལས་དོན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཡོད་དགོས་པ་དང་། འབད་འཐབ་ཧུར་ཐག་བྱ་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་བསྐྲུན་ཐུབ་པའི་དུས་སུ་སླེབས་སྐབས་ཚང་མས“རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་གྲུབ་པར་ང་རང་ལ་ཡང་བྱས་རྗེས་ཡོད”ཅེས་སྙམ་པའི་སྤོབས་པ་ཆེན་པོ་སྐྱེ་སྲིད་ཀྱི་རེད།


   རྟོག་ཞིབ་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་བསམ་གཞི་མཐའ་འཁྱོངས་ཤིང་། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཅིང་། བརྟན་ཐོག་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག། སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་སྲུང་འཛིན་ཧུར་ཐག་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། རིམས་ནད་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལས་ཆོད་ཆེ་ལ་ཕན་འབྲས་ཐོན་པའི་སྒོ་ནས་ལེགས་པར་བསྒྲུབ་པ་དང་། ད་སྔའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཕྲད་པའི་དཀའ་ངལ་འགའ་ཤས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། མང་ཚོགས་དབུལ་པོར་རོགས་སྐྱོར་སོགས་ཐད་ཀྱི་ལས་དོན་ལེགས་པོ་སྒྲུབ་པ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ལས་དོན་ཁག་ལེགས་པོར་བསྒྲུབས་ཏེ། མི་སེམས་བརྟན་པོར་ཡོང་བ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བར་བྱ་དགོས། རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་པས། གཡོ་འགུལ་སྤུ་ཙམ་མེད་པར“འགྱུར་ཚུལ་དང་བསྟུན་ནས་རིམས་ཚུལ་མི་ཐོན་པའི”སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ནས། ཡིད་ཆེས་བརྟན་པོ་དང་། འགལ་རྐྱེན་བསལ་ཞིང་། ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ། རིམས་ཚུལ་འགོག་ཟོན་གྱི་གཙོ་གནད་ལས་དོན་དམ་འཛིན་ནན་འཛིན་བྱས་ཏེ། ཐོབ་དཀའ་བའི་རིམས་ཚུལ་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས།


    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཉེ་དུས། རང་རྒྱལ་གྱི་ས་ཆ་འགར་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ་ཐོན་ཡོད། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་ཆུ་འཇིགས་དྲག་པོ་འགོག་སྲུང་དང་། ཉེན་ཁ་ཆེན་པོ་འགོག་སྲུང་། གནོད་འཚེ་ཚབས་ཆེན་སེལ་བ་བཅས་བྱ་རྒྱུར་གཞི་བཙུགས་ཏེ་འཚུབ་བསྟུན་གྲ་སྒྲིག་སྣ་ཚོགས་སྔ་སྣུར་དུ་ཡག་པོ་བྱེད་ཅིང་གནོད་འཚེ་སྔོན་འགོག་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་རྒྱག་པ་དང་། གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལ་སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་རྒྱག་ཅིང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཉེན་མེད་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཆར་པ་བབས་པ་དང་། རྒྱ་མཚོའི་རླུང་འཚུབ། ཆུ་ལོག་ཐོན་པ། འདམ་རྡོའི་ཆུ་རུད་སོགས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་ཚད་མཐོ་རུ་གཏོང་ཞིང་། འགྲིམ་འགྲུལ་གསེད་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་འཇིགས་འགོག་སྲུང་དང་གནོད་སེལ་གྱི་བྱ་ཐབས་ཁག་དམ་འཛིན་ཞིབ་ཚགས་བྱ་དགོས། གནོད་འཚེ་ཐོན་རྗེས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མྱུར་སྐྱོབ་གནོད་སེལ་བྱས་ཤིང་ཞོར་ཐོན་གནོད་འཚེ་ནན་འགོག་བྱས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཐེབས་ཚད་ཉུང་དུ་གཏང་གང་ཐུབ་བྱ་དགོས། ཉེན་སེལ་གནོད་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་ཅིང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཏན་ཏིག་བསྒྲུབས་ཏེ་གནོད་པ་ཐེབས་པའི་རྐྱེན་གྱིས་དབུལ་པོར་བསྐྱར་དུ་འགྱུར་བ་དང“གནོད་འཚེ་ཚབས་ཆེན་ཐོན་རྗེས་རིམས་ནད་ཆེན་པོ་ཐོན་པ”སྔོན་འགོག་བྱ་དགོས།


    ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།


    སྤྱི་ཚེས9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་བཅའ་སྡོད་དམག་དཔུང་གི་ཏ་ཞའོ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་སྒྲིག་འཛུགས་མདའ་ཤོག་གི་མགོ་གཙོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་ཁྲེང་ཏུའུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞུས་ཆི་ལེང་ལྷན་དུ་ཕེབས་ནས་མཇལ་འཕྲད་གནང་བ་རེད།།



  • ལེ་ཚན་སྔོན་མ།:མཐོ་སྒང་སློབ་མའི་ཕུགས་འདུན་འགྲུབ་ཕྱིར་སློབ་སྐྱོར་རོགས་སྐྱོར་གྱི་སྣེ་འཁྲིད་པ་བྱེད།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།