ཧྲེན་དབྱང་གིས་གཙོ་སྐྱོང་གནང་ནས་གནོད་འགོག་གེགས་སེལ་རྒུད་སྐྱོབ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-06-15

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་རྣམ་གཉིས་འབྲེལ་ཡོད་སྡེ་ཚན་དུ་ཕེབས་ནས་གནོད་འགོག་གནོད་སེལ་རྒུད་སྐྱོབ་གྱི་ལས་དོན་ལ་བརྟག་ཞིབ་གནང་བས་མ་ཚད་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཧྲེན་དབྱང་གིས་རང་ཁུལ་ལ་དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་རང་བྱུང་གནོད་འཚེ་སྣ་ཚོགས་ཐོན་སླ་བ་དང་ལྷག་པར་དུ་ད་ཆ་ལ་ཆར་ཆུ་རྒྱས་པའི་དུས་སུ་སླེབས་ཡོད་ཅིང་། ཆུ་ལོག་དང་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་མང་བའི་དུས་རིམ་དུ་སླེབས་ཡོད་པས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དུས་བབ་རྙོག་འཛིང་ཆེ་བ་ལ་ལས་འགན་ཧ་ཅང་ལྗིད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བ།རྒུད་སྐྱོབ་བཅས་ཀྱི་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གི་བཀོད་སྒྲིག་དང་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱས་ནས་ཐོག་མཐའ་བར་གསུམ་དུ་གཟབ་ནན་ཆེན་པོ་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་།མཐིལ་ཚད་ཀྱི་བསམ་པ་བརྟན་པོ་བཅངས་ནས་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་བྱས་ནས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ནས“རྒྱུན་འཁྱོངས་གཉིས་དང་འགྱུར་ལྡོག་གསུམ་”ལ་བརྩི་སྲུང་ཞུས་ཏེ། གནོད་འཚེ་དང་བྱུར་ཉེས་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་སྲུང་སྐྱོང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུ་མ་འཚོགས་གོང་ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་དང་བཅས་པ་སྔ་རྗེས་སུ་དར་མདོ་གྲོང་ཁྱེར་གྱི་ས་ཡོམ་ས་ཚུགས་དང་། ཁུལ་ཆུ་བེད་ཅུས། ཁུལ་གནམ་གཤིས་ཅུས། ཁུལ་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས། ཁུལ་འཚུབ་བསྟུན་དོ་དམ་ཅུས་བཅས་སུ་ཕེབས་ནས་ཁོངས་གཏོགས་སྡེ་ཚན་ཁག་གི་ལས་རེས་ལྟེ་གནས་ཀྱི་ལས་དོན་མི་སྣར་འཚམས་འདྲི་ཞུ་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གནོད་སེལ་མ་ལག་འཛུགས་སྐྲུན་གྱི་ད་ཡོད་གནས་ཚུལ་དང་ནུས་པ་དང་ཆུ་ཚད་ལ་བརྟག་དཔྱད་གནང་བ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ།གནོད་འཚེ་སྔོན་འགོག། འཕྲལ་སྡོམ་རོགས་སྐྱོབ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་མཛད་པར་མ་ཟད། གུར་དྲག་གྲོང་རྡལ་རི་དཀྱིལ་ཟམ་ཆེན་བསྐྲུན་ཡུལ་དུ་ཕེབས་ནས་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཆུ་མང་ཉུང་གི་ཚད་ལ་ལྟ་ཞིབ་ཚད་ལེན་དང་། ཨར་ལས་ཉེན་མེད། ཆུ་ལོག་སྔོན་འགོག་གི་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། དེའི་རྗེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལས་དོན་སྙན་སེང་ཞུས་པར་གསན་འཇོག་གནང་ཞིང་། ད་ཆའི་རང་བྱུང་གནོད་འཚེའི་འཕེལ་ཕྱོགས་གནས་བབ་ལ་ཞིབ་འཇུག་དང་དཔྱད་དཔོག་བྱས་པར་མ་ཟད། ཕྱིན་ཆད་ཀྱི་ཆུ་ལོག་དང་ས་འགུལ་ཡོམ།ས་གཤིས་གནོད་འཚེ་འགོག་ཟོན་དང་ཉེན་ཁའི་ཆག་སྒོ་བྱུང་བར་འགོག་ཟོན་བྱེད་པ་སོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཧྲེན་དབྱང་གིས་སྔོན་ལ་འགོག་ཟོན་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཧུར་ཐག་ཆུད་པ་བྱ་དགོས། དྲིལ་བསྒྲགས་སྐུལ་སློང་དང་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་པའི་དངོས་འཐབ་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏང་དགོས། རང་འགན་རང་འཁུར་དང་རང་འགན་རང་སྒྲུབ་རྒྱུན་འཁྱོངས་བྱས་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ལ་རྟོག་ཞིབ་ཏུ་ཕེབས་པའི་དངོས་བྲིས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།