གླེན་པའི་གློའུ་བཤད།

ཁྲི་ཟླ་གཞོན།        2022-06-17

ངས་སྤྲིན་གསེབ་ན་ནམ་འཕང་གཅོད་པའི་རྒོད་པོ་ཁྱུ་གཅིག་མཐོང་སོང་ལ། ངས་ས་སྟེང་ན་བག་ཡངས་སུ་རྒྱུ་བའི་ཤྭ་བ་ཁྱུ་གཅིག་ཀྱང་མཐོང་བྱུང་། ངས་ཁྲོན་ཞབས་ན་བག་ལ་ཞ་བའི་སྦལ་བ་སྐོར་ཞིག་མཐོང་སོང་ལ། ངས་བྲག་ངོས་ན་གཟན་རྩྭ་འཚོལ་བའི་ར་མ་ཁྱུ་གཅིག་ཀྱང་མཐོང་བྱུང་།

བྱ་རྒོད་ཀྱིས། ངས་གནམ་གྱི་ཁ་ཞེང་གཤོག་འགྱུར་གྱིས་མི་ཆོད་ཀྱང་། བྱ་ལུས་བླངས་བ་ནས་འཆི་བའི་བར་རང་དབང་གི་འཕུར་མཚམས་གཏན་ནས་འཇོག་མི་སྲིད་དེ། ནམ་ཞིག་གཤོག་ཟུང་ཟད་ནས་སྒྲོ་སྤུ་དག་ཀྱང་ཚར་ན། རླུང་གི་སྤུ་གྲིའི་རྣོ་དབལ་ལ་བསྙེགས་ནས། ལུས་པོ་འདི་རླུང་ལ་སྤུར་དགོས་ཏེ། རྒོད་པོའི་རང་སྣང་དང་ལས་དབང་ཨ་སྔོན་ཁོ་ནར་དབང་ཞིང་། ཨ་སྔོན་མེད་ན་རྒོད་པོར་ངར་སེམས་དང་གཤོག་འགྱུར་མེད་ལ། རིན་ཐང་དང་ཕུགས་ཀྱི་སྙེག་གནས་ནི་དེ་བས་ཀྱང་མེད་ཟེར།

ཤྭ་བ་ན་རེ། རང་བྱུང་ཁམས་ཆེན་མོའི་བྱམས་བརྩེ་ལ་ཡལ་བ་མེད་པས། ངས་ལྷིང་འཇགས་ཀྱི་རྩྭ་ཐང་འདི་ནས་རྩྭ་ཆུའི་དཔལ་ལ་རོལ་ཏེ་རང་གི་ཚན་གསུམ་གྱི་བཀྲེས་ལྟོགས་བསལ་ན་དེས་ཆོག། ད་ལྟ་གཅན་གཟན་དང་འཕར་སྤྱང་གི་གྲིབ་མ་ཙམ་ཡང་མི་མཐོང་བས། རི་བོང་གནམ་ལྡིབས་ཀྱི་སྡུག་བསྔལ་བྱེད་པ་ལས་མགོ་བོ་བསྒུར་ནས་རྩྭ་ཆུར་རོལ་དང་། ལས་ཤིག་ཡོད་ན་ལམ་ཞིག་ཡོད་པ་དཔེ་རེད། ད་ལྟ་སོས་དལ་བག་ཕེབས་སུ་ཡོད་དུས། སེམས་ཀྱི་ཁུར་པོ་གཞོགས་སུ་དབོགས་ལ་སྐྱིད་ཉལ་བྱོས་དང་དེས་དགའ་ཟེར།

སྦལ་བ་ན་རེ། གནམ་གྱི་ཁ་ཞེང་ལ་ཁྲོན་པའི་དོང་ཁ་ཙམ་ལས་མེད་པས། དེ་ལ་སྨོན་པའི་དགོས་པ་ཅི་ཡོད། བྱ་རྒོད་ནི་གླེན་པ་གཏི་ཐུག་ཅིག་སྟེ། རང་གི་མི་ཚེ་རླུང་ལ་སྤུར་བཞིན། དོན་ངོ་མའི་བདེ་སྐྱིད་ཅི་ཡིན་གཏན་ནས་མ་ཚོར། ངོ་མ་སྙིང་རེ་རྗེ་ཨང་། ང་ནི་ཁོ་རང་ནང་བཞིན་རྒྱལ་ཁམས་ཟེར་བ་འགྲིམས་འདོད་མེད་ལ། འགྲིམས་ཀྱང་དེ་ལ་སྙིང་པོ་ཅི་ཡོད། ང་ལ་མཚོན་ན་ཁྲོན་པའི་ཞབས་ཀྱི་འགྲན་རྩོད་མེད་པའི་ཁོར་ཡུག་འདིར་དགའ་ཞིང་། འདི་རུ་ད་གཟོད། ཡོད་ཚད་ཀྱི་བདག་པོ་ང་ཁོ་ན་ཡིན་ལ། ང་ལས་ལྷག་པ་དང་ང་ལས་སྐྱིད་པ་སུ་གང་ཡང་མེད་དེ། ཟས་འཛོམས་གོས་འཛོམས་ཀྱི་བདེ་སྐྱིད་ངོ་མ་ཟེར་བ་འདི་ལྟ་བུ་ཞིག་ལ་གོ་དགོས་ཟེར།

ར་མ་ན་རེ། ང་ནི་གཡང་གཟར་གྱི་བྲག་ངོས་ལ་འགོ་བར་དགའ་སྟེ། བྲག་སྨད་ནས་བྲག་སྐེད་དང་། བྲག་སྐེད་ནས་བྲག་འགོའི་བར་སུས་ཀྱང་མི་རྙེད་པའི་ཞིམ་མངར་གྱི་གཟན་རྩྭ་གང་མང་ཞིག་ཡོད་ལ། གནའ་དེང་མའི་དུས་སུ། ང་ནི་ལུག་ལྟར་བདེ་ས་ནས་འདུག་རྒྱུར་དགའ་ཡང་། གཡང་གཟར་ངོས་ཀྱི་གཟན་རྩྭ་དེ་དག་གི་བསླུ་བྲིད་ཀྱིས་ད་སྐབས་ཀྱི་ང་ནི་དབང་མེད་དུ་བྲག་ངོས་སུ་མི་འགོ་ཐབས་མེད་བྱུང་། འགོ་བཞིན་འགོ་བཞིན་ང་ལ་མཐོ་སར་སྙེག་པའི་གོམས་གཤིས་ཤིག་ཆགས་ཤིང་། གོམས་གཤིས་དེ་ཡིས་རྨས་སྐྱོན་དང་སྲོག་ཆད་བཟོས་མྱོང་ལ། གཟན་རྩྭ་དང་རྒྱལ་ཁ་ཡང་གང་མང་ཐོབ་མྱོང་། དེའི་ཕྱིར་ངེད་ར་མའི་ཚོགས་ཀྱིས་མི་རབས་ནས་མི་རབས་སུ་རྒྱུན་མཐུད་དེ་བྲག་ངོས་ལ་སྙེག་པ་ད་གཟོད་ཕུགས་ཀྱི་འདུན་མ་རུ་སྒོམ་ཡོད་ཟེར།

དུས་རབས་ཀྱི་འགྱུར་བས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤིང་། ཁོར་ཡུག་གིས་མིའི་བློ་རྒྱ་དང་མིག་རྒྱང་། སེམས་ཁམས་དང་གནས་སྟངས་ལ་འགྱུར་བ་འབྱུང་། གནོན་ཤུགས་མེད་ན་སྒུལ་ཤུགས་མེད་ལ། སྒུལ་ཤུགས་མེད་ན་འགྲན་སློང་མེད། འགྲན་སློང་མེད་ན་འཕེལ་རྒྱས་མེད་ལ། འཕེལ་རྒྱས་མེད་ན་རྗེས་ལུས་ཐེབས། རྗེས་ལུས་ཐེབས་ན་རྡུང་རྡེག་ཉོ་ཞིང་། རྡུང་རྡེག་གིས་ཉམས་རྒུད་དུ་གཏོང་། ཁོར་ཡུག་མི་འདྲ་བའི་མིས་རང་གི་གནས་བབ་ལ་ངོས་འཛིན་སྟངས་དང་མཐར་ཐུག་གི་དམིགས་འདུན་ལ་སྙེག་སྟངས་ཀྱང་མི་འདྲ། དེ་བས་རྣམ་དཔྱོད་ཀྱི་དབལ་ཁ་རྣོ་བའི་ཁྱོད་ནི་བྱ་རྒོད་ཅིག་བྱེད་དམ་ཤྭ་བ་ཞིག་བྱེད། ཡང་ན་སྦལ་བ་ཞིག་བྱེད་དམ་ར་མ་ཞིག་བྱེད།



  • ལེ་ཚན་སྔོན་མ།:རང་ཁྱིམ་ལོས་དྲན། དྲོད་ཁོལ་གྱི་འབྱུང་ཁུངས་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།