རྗེ་ཙོང་ཁ་པའི་སྙན་ངག་མཇལ་བ།

        2022-07-08

དཔག་མེད་ཤེས་རབ་འོད་ཀྱི་དཔལ་འབར་ཞིང་། །

རྣམ་མང་འགྲོ་བའི་མགོན་དུ་རྟག་བཞུགས་པའི། །

རྗེ་བཙུན་དམ་པའི་སྙན་ངག་བདུད་རྩིའི་གཏེར། །

ཕྲན་ཙམ་རོལ་བའི་ཚུལ་འདི་བྲི་བར་བྱ། །

ཟབ་རྒྱས་དོན་གྱི་གནད་ཀུན་ལེགས་བྲིས་ཤིང་། །

ཟབ་ཡངས་ཡོན་ཏན་དཔལ་དག་མངོན་རྟོགས་ནས། །

ཟབ་གསལ་ཚིག་གི་རྩལ་དུ་འཕོས་པའི་བརྙན། །

མཇལ་བས་བསྟོད་པའི་མེ་ཏོག་ངང་གིས་འཐོར། །

ཡང་དག་དགོངས་པའི་ཀློང་དུ་རབ་འཁྱིལ་བའི། །

སྙན་ཚིག་དཔྱིད་ཀྱི་སྦྲང་ཆར་འཐོར་བ་དེར། །

བཅོས་མིན་དད་པའི་མེ་ཏོག་ངང་གིས་འཁྲུངས། །

སེམས་ཀྱི་རི་བོ་དེ་འང་འགུལ་བར་བྱས། །

རྒྱལ་དང་རྒྱལ་སྲས་ཀུན་གྱི་ཉེ་བའི་སར། །

རབ་ཏུ་བཏུད་ཅིང་གསལ་པོར་མཇལ་བའི་ཚུལ། །

རྒྱུན་རིང་གཙང་པོའི་གཞུང་བཞིན་བརྗོད་པ་ཡིས། །

ངོ་མཚར་ཡིད་ཀྱི་ཡུལ་ལས་རིང་དུ་འགོངས། །

ཡིད་འཕྲོག་ཚིག་གི་དྲ་བའི་རོལ་རྩེད་ལ། །

བཅོས་མིན་དོན་གྱི་རང་ཞལ་ལེགས་བྲིས་ཤིང་། །

གང་སྣང་དད་འདུན་ཤུགས་ཀྱིས་བསྐུལ་བའི་གླུས། །

ཡིད་རྨོངས་མུན་པའི་ར་བ་གཏོར་བར་བྱས། །

བདག་ཡིད་ཤེས་རབ་དབེན་པའི་ཁང་ཆུང་ནས། །

བརྗིད་ལྡན་ཉི་གཞོན་གསལ་བ་མ་མཇལ་ཡང་། །

བསོད་ནམས་ཏིལ་གྱི་འབྲས་བུ་ལྡན་པའི་མོད། །

ཟེར་ཙམ་འཕྲོས་པས་ཡིད་རབ་འཕྲོག་པར་གྱུར། །

མཐའ་བྲལ་སྲིད་པའི་རྒྱལ་ཁམས་ཡངས་པོ་ནས། །

དོན་དམ་གནད་ཀྱི་སྒོ་དང་ཚིག་གི་རྩལ། །

འབྱུང་འདི་སྐར་ཚོགས་གྲངས་ལས་བདོ་མོད་ཀྱི། །

གང་གི་ཟླ་བོར་འོས་པ་ཅི་འདྲའི་དཀོན། །

སྒེག་འཛུམ་པད་མང་བཞད་འདྲའི་སྙན་ཚིག་ཏུ། །

ཞིམ་ངད་བཅུད་ཀྱི་འབྲས་བཟང་མཆིས་པ་ཡིས། །

ལྷུན་གྲུབ་དབང་གིས་འཁོར་བའི་སྦྲང་ཚོགས་ཀྱང་། །

གྲངས་མེད་ཆུ་འཛིན་ཚོགས་ལྟར་རབ་ཏུ་འཁྲིགས། །

རྗེ་བཙུན་མགོན་གྱི་མགོན་པོ་ཙོང་ཁ་པ། །

རིང་ནས་བྱམས་བརྩེ་ཆེན་པོའི་སྲིད་པ་འདིར། །

བྱོན་དང་བཞུགས་པའི་ཚུལ་དག་དྲན་པས་ཀྱང་། །

སྤྲོ་བས་ཡིད་ཁམས་ཕོ་བྲང་དྲོད་ཀྱིས་ཁྱབ། །

མཁྱེན་རབ་ཤེས་བྱའི་དབང་པོ་ཁྱེད་ཉིད་ཀྱིས། །

འཛད་མེད་ཡོན་ཏན་མཛོད་ལས་ཟིལ་བ་ཙམ། །

བཏུང་བས་ངོ་མཚར་འབུམ་གྱིས་ཕྱུག་པ་ཡིས། །

བསྟོད་ཚིག་ཆུན་པོ་གནས་འདིའི་ལྗོངས་སུ་མཆེད། །

༼ འབུམ་ལྷ་སྲས།༽


  • ལེ་ཚན་སྔོན་མ།:དབྱངས་ཀྱི་བདག་མོ།
  • ལེ་ཚན་རྗེས་མ།:འཕུར་འདོད་ཀྱི་ཀུན་སློང་།