ས་མཐོའི་རི་སྒང་གི་འབྲོང་རྒོད།

ཀརྨ་འཇིགས་མེད།        2022-07-11

ཉི་ཟླའི་རྒྱལ་ཁམས་བཏེགས་པའི་རྫ་ཁྲ་ཡག་ལྷུན་སྟུག་རི་ཚོགས་དབུས།།

སྨུག་སྤྲིན་འདུ་འགོད་ཀློང་གི་ལམ་སྐྱ་མོ་རྨིག་བཞི་ཞབས་ཀྱིས་བཅགས།།

རྫ་ལུང་ཉིན་སྲིབ་བར་གྱི་གཟན་རམ་དཀར་རྩྭ་ཆུ་བཅུད་ཀྱིས་གསོས།།

རང་བྱུང་དྭངས་མ་མིན་པའི་ཆས་ཕལ་པའི་རིགས་ལ་བརྟེན་སྲོལ་མེད།།

འགྱེལ་མེད་སྲོག་གི་ཀ་བ་ས་བཙན་པོ་གཡུང་དྲུང་བྲག་ལ་བཙུགས།།

དཔའ་བའི་སྙིང་སྟོབས་དགུ་འགྱུར་ཁྲོ་གཟེར་མའི་སྲད་བུ་སྒྲིལ་དང་ལྷན།།

རྣོན་པོ་རུ་ཐུར་དབལ་རྩེར་གླིང་ཤོག་ཆེན་སྒུལ་བའི་ངར་སྐད་ཆེམས།།

ཁེར་སྐྱེས་བྲེ་སེར་འབྲོང་རྒོད་དགྲ་ཅེ་སྤྱང་ཚོགས་ལ་འཚེར་སྣང་ཅི།།

འབྲོག་ཐང་གནག་གིས་གང་ན་གཡག་རོག་རོག་འཛིན་མའི་ཕྲ་རྒྱན་ཡིན།།

ལ་ལུང་རྩི་བཅུད་སྨིན་ན་བྲེ་སེར་བོའི་འབྲོང་ཁྱུ་རྫ་ལ་གཤར།།

ཆར་གྱིས་བརླན་པའི་ཞོལ་རྩིད་རྒྱུག་རྩེད་གར་འཁྲབ་ན་འཛར་ར་ར།།

བྲག་ལ་བརྡར་བའི་རྭ་ཁ་མཐོ་གཡའ་སྤང་རི་ཡི་ལྟོངས་ནས་གཟེངས།།

བསེར་མ་རླུང་གིས་མི་འཇིགས་དགུན་གྲང་ངར་བཙན་པོའི་སོ་ཁ་རུ།།

བུ་ཡུག་ཙག་སད་ཀློང་ནས་ཁྱོད་ཁེར་འགྲོས་སྒང་ཟེ་འགྲིམ་དུས་སུ།།

འབྱུང་ཁམས་ཟུངས་བཅུད་མ་ཉམས་ལུས་ཤ་ཤེད་རྒྱས་པའི་དོན་གོ་ཆེ།།

ལྷན་སྐྱེས་རང་གཤིས་རྫོགས་པའི་འབྲོང་བྲེ་སེར་རིགས་ལ་ཅིས་མི་སྨོན།།

ཨ་སྔོན་མདུང་མོས་འབིགས་པའི་གངས་ཧི་མ་ལ་ཡའི་རི་འདབས་སུ།།

ས་སྒང་རལ་གྲིས་བཤགས་པའི་ཆབ་གཙང་བོའི་གཡས་ཟུར་གཡོན་འགྲམ་ན།།

སྙིང་ཁམས་ཆང་གིས་གསོས་པའི་ཕ་གདོང་དམར་སྨུག་པོའི་རིགས་རྒྱུད་ཀྱི།།

འབྲོང་རྒོད་གཡུང་ལ་ཕབ་པའི་གཞིས་སྦྲ་ནག་ཅན་ཚང་ཁད་ཀྱིས་ཆགས།།



  • ལེ་ཚན་སྔོན་མ།:འཕུར་འདོད་ཀྱི་ཀུན་སློང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་རྣམ་པ།