2022-07-15
རྒན་པ་རྣམས་ནི་ལ་ཁའི་ཉི་མ་བཞིན། །
ཐུག་འཕྲད་མེད་པའི་རི་བོའི་རྒྱབ་ལ་ཡིབ། །
ལ་ཁའི་ཕར་རྒྱབ་མུན་ནག་བརྒལ་དུས་སུ། །
ང་ཚོའི་བར་ཐག་གནམ་སའི་མཚམས་སུ་ལུས།
གཞོན་པའི་སྣང་བ་ཨ་གསར་ཚ་པོ་ཡིན། །
མི་འདོད་གྱེས་བྲལ་ན་ཚ་སླེབས་དུས་སུ། །
ཐོག་མར་སེམས་རྩ་སྙིང་མོ་འཁྱག་གིས་བཟུང་། །
མིག་ཟུང་གཉིས་ལས་སྐྱོ་བའི་མཆི་མ་བརྡོལ། །
ཉིན་གཅིག་ཉིན་གཉིས་ཞག་འགའ་སླེབས་དུས་སུ། །
ཕར་རྒྱབ་སོང་བའི་ལོ་ན་བགྲེས་སོང་ལ། །
ཅི་མི་སྙམ་དུ་བཞག་ནས་རང་དོན་འཚོལ། །
དེའི་དོན་འདང་རྒྱག་མེད་པས་ཡིད་སེམས་གཅོང་། །
རི་བོའི་ཕར་རྒྱབ་ང་ཚོས་མི་མཐོང་སྟེ། །
ཆུ་བོ་འགག་འཕྲང་སྨག་རུམ་ཡོད་སྐད་ཐོས། །
ང་ཚོ་འཇིག་རྟེན་མི་ཡུལ་ཡོད་དུས་སུ། །
གང་ལྟར་བྱས་ཀྱང་ཁོང་ཅག་བརྗེད་མི་རུང་། །
སྲིད་པའི་ཁམས་འདི་བློ་ཡུལ་གཞལ་མི་ནུས། །
སེམས་ཅན་གྲངས་ཀྱང་བརྩི་བར་མི་ནུས་མོད། །
ང་ཚོ་འདི་རུ་འོང་བའི་མགྲོན་པོ་སྟེ། །
ཕན་ཚུན་ལྷན་འཛོམ་བྱུང་བའི་ལས་ཀྱི་གྲོགས། །
སེམས་ཀྱི་མཛའ་བརྩེ་དཀར་པོ་ཡོད་པ་དང་། །
དུང་སེམས་གཡུ་ཡི་མཚོ་མོ་ཟབ་པ་དང་། །
སོ་སོ་མདུན་རྒྱབ་གཏད་ནས་གྱེས་ན་ཡང་། །
མཛའ་གཅུགས་སེམས་ཀྱི་སྐུད་པ་ཆད་མི་རུང་། །
རི་སྤྱང་།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10