འགྱུར་མེད་ཚེ་རིང་གི“སྦྲག་ཟམ་མི་ཆད་པའི”མི་ཚེ།

        2022-07-15

འགྱུར་མེད་ཚེ་རིང་གི“སྦྲག་ཟམ་མི་ཆད་པའི”མི་ཚེ།


འགྱུར་མེད་ཚེ་རིང་། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་མི། 1962ལོའི་སྤྱི་ཟླ8པར་སྐྱེས། སྡེ་དགེ་རྫོང་སྦྲག་སྲིད་ཅུས་ཀྱི་ཡུལ་གྲོང་སྦྲག་སྐྱེལ་བ་ཡིན་པ་རེད། ལོ་ན16ལ་སོན་སྐབས་ཁོས་ཨ་ཕའི་ལག་ནས་སྦྲག་འབོག་བླངས་ཤིང་། དུས་དེ་ནས་བཟུང་གངས་ལྗོངས་མཐོ་སྒང་གི་ཡུལ་གྲོང་སྦྲག་སྐྱེལ་བ་དང་འབྲལ་མེད་ཀྱི་ལས་འབྲེལ་ཆགས་པ་རེད། ཁོས་རྐང་ཐང་དང་ལྕགས་རྟ་ལ་བརྟེན་ནས་ལོ་ལྟར་མཚོ་འཕགས་སྨི3900ལ་ཟིན་པའི་སྦྲག་སྐྱེལ་ལམ་བུ་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད། མ་ཎི་གད་འགོ་གྲོང་རྡལ་ནས་སྟག་དགོན་ཡུལ་ཤོག་བར་གྱི་ཡུལ་གྲོང8ནི་ཁོའི་བརྟན་སྲུང་བྱ་ཡུལ་ཡིན་ལ། སྦུག་ཐག་རིང་བའི་གྲོག་རོང་དང་འཕྲང་ལམ་ཀྱག་ཀྱོག་བརྒྱུད་པའི་རི་ཕྲེང་། ཡངས་ཤིང་འབྱམས་ཀླས་ཀྱི་འབྲོག་སྡེ་བཅས་ནི་ཁོའི་ལས་དོན་སྒྲུབ་སའི་ཁོར་ཡུག་ཀྱང་ཡིན་ཞིང་། ཟླ་བ་རེར་ཐེངས6དང་ཐེངས་རེར་སྤྱི་ལེ162རྒྱང་བའི་ལམ་ཐག་ནང་ཕར་འགྲོ་ཚུར་འོང་བྱས་པ་ནི་ཁོས་སྒྲུབ་བཞིན་པའི་ལས་འགན་ཡང་ཡིན་པ་རེད། ལོ་གཅིག་གི་རིང“རྒྱང་སྐྱོད”ཀྱི་ལམ་བུར་ཐེངས་གཅིག་བསྐྱོད་ནས་ལོ38ལ་སའི་གོ་ལར་སྐོར་ར་ཐེངས11བརྒྱབ་པའི་རིགས་སུ་མཐུན་པ་བཅས་ནི་འགྱུར་མེད་ཚེ་རིང་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི“སྦྲག་སྐྱེལ་ལམ་བུ”རེད། ཁོ་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད།

སྦྲག་སྐྱེལ་ལམ་བུ་ནི་ངའི་མི་ཚེའི་ལམ་བུ་ཡིན།

སྤྱི་ཟླ5པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད9པ་ཡས་མས་སུ།གསར་འགོད་པ་སྡེ་དགེ་རྫོང་མ་ཎི་གད་འགོ་གྲོང་རྡལ་སྦྲག་སྲིད་ཁང་དུ་འབྱོར་སྐབས།ལོ་ན59ལ་སོན་པའི་འགྱུར་མེད་ཚེ་རིང་གིས་སྦྲག་འབོག་རིགས་འབྱེད་བྱས་རྗེས“ངས་ལོ38ཏག་ཏག་ལ་ཡུལ་གྲོང་གི་སྦྲག་སྐྱེལ་བ་བྱས་པ་ཡིན།རང་ཉིད་དངོས་གནས་ལས་གནས་འདིར་བརྩེ་སེམས་ཆགས་ཡོད།གལ་སྲིད་ལུས་པོའི་རྒྱུ་རྐྱེན་མེད་ན་ངས་ད་དུང་མུ་མཐུད་ནས་ལས་ཀ་བསྒྲུབ་རྒྱུ་ཡིན།ཅི་རེད་ཟེར་ན།སྦྲག་ཟམ་ནི་ངའི་མི་ཚེའི་ལམ་བུ་ཡིན་པས་ཡིན”ཞེས་བཤད་པ་རེད།

མ་ཎི་གད་འགོ་གྲོང་རྡལ་ནི་སྡེ་དགེ་དང་སེར་ཤུལ་རྫོང་གཉིས་ཀྱི་ལམ་མདོའི་ས་གནས་སུ་ཆགས་ཡོད་མོད།འོན་ཀྱང་རྫོང་དེ་གཉིས་དང་རྒྱང་ཐག་ཧ་ཅང་རིང་པོ་ཡོད་པ་རེད། མིག་རྒྱང་རིང་པོས་བལྟས་ཚེ་མུ་མཐའ་མེད་པའི་རྩྭ་ཐང་མིག་ལམ་དུ་དྲངས་ཆོག་ཆོག་ཡིན་མོད། འོན་ཀྱང་དུས་ཡུན་རིང་ཞིང་གྲང་ངར་ཆེ་བའི་དགུན་ཁ་སླེབས་པའི་སྐབས་སུ།ཡུལ་གྲུ་ཀུན་ཏུ་རབ་དཀར་ཁ་བས་གོས་བཟང་བཀླུབས་པའི་འཚོ་གནས་ཁོར་ཡུག་གི་རྣམ་པ་གཙོ་བོ་ཡིན་པ་རེད། འོན་ཀྱང་འདི་ནི་ཁོ་ལོ38རིང་ལ་ཡང་སྐོར་བསྐྱར་སྐོར་བྱེད་པའི་འགོ་འཛུགས་ས་དང་ཕྱིར་ལོག་བྱ་ཡུལ་ཡིན་པ་རེད།

ལོ་ན16ལ་སོན་པའི་སྐབས་སུ།འགྱུར་མེད་ཚེ་རིང་གིས་ཨ་ཕའི་ལག་ནས་སྦྲག་འབོག་བླངས་པ་ནི་ཁོའི“ཡུལ་གྲོང་སྦྲག་སྐྱེལ་པའི་མི་ཚེའི” སྒོ་མོ་ཕྱེ་བ་མཚོན། ཚ་གདུང་དང་རླུང་འཚུབ།དྲག་ཆར།གློག་འཁྱུག་ཐོག་རྒྱག་སོགས་ནི་མཐོ་སྒང་གི་འཕོ་འགྱུར་མི་རྟག་པའི་གནམ་གཤིས་ཀྱི་ཆོས་ཉིད་རེད། རྫ་ཆུ་དང་ཆུ་ཕྲན།གངས་རི།འབྲོག་སྡེ་བཅས་ནི་ཁོས་འགྱུར་ལྡོག་གཏོང་ཐབས་བྲལ་བའི“ལམ་རིས”ཤིག་རེད།འོན་ཀྱང་ཁོར་ཡུག་ལ་སྔ་ས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་འགྱུར་མེད་ཚེ་རིང་གིས་ཉིན་ལྟར་ནམ་གསལ་མ་ཐག་ནས་དུས་ཐོག་ཏུ་རྐང་འཁོར་བཞོན་ནས་ཡུལ་གྲོང་སྦྲག་སྲིད་ཁང་དུ་ཡོང་སྟེ་རང་ཉིད་ཀྱི་ནོར་བུ་དང་འདྲ་བའི་འཕྲིན་ཡིག།ཚགས་པར་དང་དུས་དེབ། འབོག་སྒྲིལ་བཅས་སྦྲག་ཐོག་སྐྱེལ་བར་མ་ཟད།ལས་རོགས་ཚོའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་དུ་ལམ་སང་རྡོག་ཐོན་བྱས་དང་བྱེད་བཞིན་ཡོད་པ་རེད།

འདི་ནི་སྤྱིར་བཏང་མིན་པའི་ལམ་བུ་ཞིག་ཡིན་ལ།དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལམ་བུ་ཞིག་ཀྱང་ཡིན་པ་རེད། ཁོའི་ཨ་ཕས་སྔོན་ཆད་སྦྲག་སྐྱེལ་བྱེད་དུ་འགྲོ་བའི་ལམ་བར་དུ་དངུལ་མང་པོ་མེད་པའི་ཁར་ཇག་པས་དངུལ་ཚང་མ་འཕྲོག་བཅོམ་བྱས་ཤིང་། སྟབས་ལེགས་པ་ཞིག་ལ་འཕྲིན་ཡིག་དང་ཚགས་པར།དུས་དེབ་སོགས་ཀྱི་སྦྲག་འབོག་ཡོད་དོ་ཅོག་བོར་བརླག་ཤོར་མེད་པ་རེད། “ཕྱིན་ཆད་ཁྱེད་ཀྱིས་འཁུར་དགོས་པའི་སྦྲག་སྐྱེལ་དངོས་པོ་མང་པོ་མེད་ཀྱང་ཁྱེད་རང་འགྲོ་དགོས་པའི་ལམ་བུ་ཧ་ཅང་རིང་པོ་ཡིན་ངེས་རེད།ཆར་པ་ཆེན་པོ་ཇི་ལྟར་བབས་ཀྱང་སྦྲག་སྐྱེལ་དོས་འབོག་རྣམས་སྦངས་གཏན་ནས་བཅུག་མི་ཉན།ཁྱོད་རང་ལམ་བར་དུ་རྨས་སྐྱོན་ཕོག་རུང་སྦྲག་སྐྱེལ་དོས་འབོག་གཏན་ནས་བོར་མི་ཉན།ལས་ཀ་བསྒྲུབ་ན་ཁྱེད་ཀྱིས་ཡག་པོ་བསྒྲུབ་དགོས”ཞེས་པའི་ཨ་ཕ་ཚེ་ལས་འདས་པའི་སྐབས་སུ་བཞག་པའི་ཁ་ཆེམས་འདི་ཁོའི་སེམས་ནང་མ་འགྱུར་སོར་གནས་སུ་ཡོད་པ་རེད།

དེའི་སྐབས་ཀྱི་འགྱུར་མེད་ཚེ་རིང་ནི་ཡི་གེ་མང་པོ་མི་ཤེས་པའི་མི་ཞིག་ཡིན་མོད།ཐེངས་དང་པོར་མ་ཎི་གད་འགོ་དང་ཨོ་གུར། རྫོགས་ཆེན། ལམ་མདོ། ཨ་ཕྱུག། ཟོག་པ། ཡར་དེང་། སྟག་དགོན་སོགས་ཡུལ་ཤོག་དང་གྲོང་རྡལ་བརྒྱད་ཀྱི་སྦྲག་སྐྱེལ་ལས་འགན་བསྒྲུབས་པའི་སྐབས་སུ་ཡིག་སྐོགས་ཁ་ཤས་ཐོག་གི་ཡི་གེ་གཏན་ནས་འདོན་མི་ཤེས་པའི་གནས་ཚུལ་ལ་འཕྲད་པ་རེད། རྐང་འཁོར་བཞོན་ནས་གྲོང་རྡལ་སྦྲག་སྲིད་ཁང་དང་བྲལ་ནས་ཐག་རིང་པོར་གྱུར་མོད།འོན་ཀྱང་ཁོས་ཕྱིར་ལོག་རྒྱུའི་ཐག་བཅད་པ་རེད། མ་གཞི་ཉི་མ་མ་ནུབ་གོང་ལ་ཕྱིར་ལོག་ཐུབ་ཀྱང་རྐང་འཁོར་བཞོན་ནས་ཡུན་རིང་མ་སོང་བར།རྐང་འཁོར་གྱི་ཀྱག་ཀྱོག་གི་རི་ཕྲེང་ལམ་འཕྲང་བརྒྱུད་སྐབས་འཁོར་ལོ་གཉིས་གས་སྐྱོན་ཐེབས། མུ་མཐའ་མེད་པའི་རྩྭ་ཐང་ཆེན་མོའི་ཐོག་གྲོགས་མེད་ཁེར་རྐྱང་དུ་ལྷག་པའི་འགྱུར་མེད་ཚེ་རིང་གིས་རྐང་འཁོར་དེད་ནས་མཚོ་འཕགས་སྨི4200ལྷག་ཙམ་ཡོད་པའི་མཚོ་འགོ་ལའི་ཧ་ཉག་བརྒལ་ཏེ་ངལ་དུབ་ཆེ་ཐག་ཆོད་ནས་སྦྲག་སྲིད་ཁང་དུ་ལོག་སྐབས།ཁོ་རང་ངལ་ཐང་ཆད་ནས་སྒོ་བརྡུངས་ནས་ལས་རོགས་གཉིད་ལས་སློང་བའི་ནུས་པ་ཡང་མེད་པར་གྱུར།ཁོས་སྦྲག་འབོག་ཁུག་མ་གཉིས་བསྲུངས་ནས་སྦྲགས་སྲིད་ཁང་གི་མདའ་གཡབ་འོག་མཚན་གང་བོར་བསྡད་དགོས་ཐུག། ནམ་ལངས་རྗེས།ཁོས་འཕྲིན་ཡིག་བསྐུར་སའི་ས་གནས་དང་རུས་མིང་གསལ་པོར་དྲིས་རྗེས།བྲེལ་འཚུབ་ངང་ལམ་དུ་ཆས། དུས་དེ་ནས་བཟུང་ཁོ་ལ་ཁོམ་པ་ཡོད་ཕྱིན་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱས་ནས་དཔེ་ཆར་བལྟས་ནས་ཡི་གེ་སྦྱངས།ཉིན་ལྟར་ལམ་ལ་མ་ཆས་པའི་སྔོན་ལ་འཕྲིན་ཡིག་ཐོག་གི་ས་གནས་དང་རུས་མིང་སོགས་ལས་གྲོགས་ཚོར་ཞིབ་དྲིས་བྱ་རྒྱུ་ནི་ཁོའི་ལས་ཀའི་གོམས་གཤིས་སུ་གྱུར། ཐེངས་རེ་རེའི་རྒྱུན་འཁྱོངས་དང་ལོ་རེ་རེར་ཉམས་མྱོང་བསགས་པར་བརྒྱུད་ལོ38རིང་ལ་ཁོའི་ལག་ནས་བརྒྱུད་པའི་འཕྲིན་ཡིག་དང་འབོག་སྒྲིལ་སྦྲག་འཛོལ་དང་ཆད་ལུས་བོར་བརླག་སོགས་ཀྱི་གནས་ཚུལ་གཅིག་ཀྱང་བྱུང་མྱོང་མེད་པ་རེད།

སྦྲག་འབོག་ནི་ངའི་ཚེ་སྲོག་ལས་ཀྱང་གལ་ཆེ།

རྫོགས་ཆེན་སྦྲག་སྲིད་ཁང་གི་ཁང་པ་ཐོག་གཅིག་མའི་ནང་ཁོ་རང་ལ་དབང་བའི་ཁྱིམ་གཞིས་ཤིག་ཡོད་པ་རེད། སྒོ་རའི་ནང་ལྕགས་རྟ་རྙིང་པ་བཅུ་ལྷག་བཞག་ཡོད་པ་དེ་དག་གིས་ཁོས་དཀའ་ལས་བརྒྱབ་པ་ར་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་རེད།

ཐེངས་ཤིག་ཨོ་གུར་ཡུལ་ཤོག་གི་འབྲོག་པའི་ཁྱིམ་ཞིག་ལ་ཡི་གེ་སྐྱེལ་དུ་འགྲོ་སྐབས་ཁོས་དཀའ་ཚེགས་ཆེན་པོས་རྐང་འཁོར་དེད་ནས་ཁ་བས་ཁེངས་པའི་མཚོ་འགོ་ལ་སྒང་དུ་བསྐྱོད། གཡང་གཟར་གྱི་འཕྲང་ལམ་དང་ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་འདབ་མ།སྤུ་གྲི་ལྟར་ངར་བའི་གྲང་རླུང་།ལྗིད་ཏིག་ཏིག་གི་སྦྲག་འབོག་ཁུག་མ། གསོ་རླུང་མི་འདང་བའི་གནས་ཚུལ་ཚབས་ཆེན་ལ་འཕྲད་རུང་གོམ་པ་རེ་རེ་བཞིན་སྤོས་ནས་ཁོའི་ལུས་ཤུགས་ཟད་ཡོད་མོད། ཁོ་རི་རྩེ་ལ་ཐོན་སྐབས།ས་ལ་འགྱེལ་ནས་རྩིབ་རུས་བརྡངས་ནས་རྨས་སྐྱོན་ཐེབས། ཁོས་ན་ཟུག་དྲག་པོ་སྲན་བཞིན་དུ་གསེག་ནས་ཡོད་པའི་སྦྲག་འབོག་ཁུག་མ་རྣམས་བསྐྱར་དུ་བསྡམས་རྗེས་བོད་ཆས་མདུན་ལྕོག་སྟེང་གི་ཞྭ་མོའི་སྟེང་དུ་བསྡམས། ཁོས་གཞན་དང་འདྲ་བར་རྐང་འཁོར་བཞོན་ནས་དཀའ་ཚེགས་དང་རྒྱུན་ལྡན་མིན་པའི་སྒོ་ནས་ཡི་གེ་འབྲོག་པའི་ལག་ཏུ་བསྐྱལ། འབྲོག་པས་གནས་ཚུལ་དེ་མཐོང་རྗེས་བྲེལ་འཚུབ་ངང་ཁྱིམ་དུ་བཀོད་སྒྲིག་བྱས་པར་མ་ཟད།བཙན་ཤེད་ངང་ངལ་གསོ་ཉིན་གཉིས་བརྒྱབ་བཅུག་ཡོད་མོད།འོན་ཀྱང་རྨས་སྐྱོན་ཞི་ལྷོད་དུ་སོང་མ་ཐག་ཁོས་འབྲོག་པའི་ཁྱིམ་ནས་གཡར་བའི་རྟར་བཞོན་ནས་སླར་ཡང་ལམ་དུ་ཆས་འགོ་ཚུགས་པ་རེད།

ཉིན་དགུང་མཚམས་སུ་གློ་བུར་དུ་ཆར་པ་བབས་ནས་འབྲུག་སྒྲ་ལྡིར་བ་ལྟར་གྲག། འབྲུག་སྒྲ་དྲག་པོ་ལས་ངལ་དུབ་ཀྱིས་མནར་བའི་རྟ་དེ་དངངས་སྐྲག་གིས་ཁེངས་ཤིང་།ཁོས་ནུས་ཤུགས་ཡོད་རྒུས་རྟ་དེའི་སྲབ་མདའ་དེ་རང་ཉིད་ཀྱི་ལུས་པོར་དམ་པོར་བསྡམས་ཡོད་པར་མ་ཟད།ལུས་ལ་འཁྱེར་བའི་ཆར་གོས་དག་ཏན་ཏན་ཏིག་ཏིག་གིས་སྦྲག་འབོག་ཁུག་མའི་ནང་བླུགས་ནས་ཁོ་རང་རྟ་དང་མཉམ་དུ་ལམ་དུ་བསྐྱོད། ཁོས་སྦྲག་འབོག་ཆ་ཚང་སྐྱོན་མེད་ངང་ཡུལ་ཤོག་སྲིད་གཞུང་དུ་བསྐྱལ་སྐབས་མི་རྣམས་ཧང་སངས་པར་གྱུར། མི་རྣམས་ཀྱིས་ཧང་སངས་པའི་རྣམ་འགྱུར་མཐོང་སྐབས་ཁོས་འཛུམ་དམུལ་དམུལ་ངང“སྦྲག་འབོག་ནི་ངའི་ཚེ་སྲོག་ལས་གལ་ཆེ་བ་རེད”ཅེས་བཤད།

ཆར་པ་དྭངས་རྗེས་གཟུགས་པོ་ཚང་མ་རློན་པར་གྱུར་ནས་མགོ་ན་ནའང་སྔར་བཞིན་མུ་མཐུད་ནས་ཡར་དེང་ཡུལ་ཤོག་གི་ཕྱོགས་སུ་བསྐྱོད། འོན་ཀྱང་ཡུལ་ཤོག་སྲིད་གཞུང་ཕྱོགས་སུ་བསྐྱོད་པའི་ལམ་བར་དུ་རྟ་ཐོག་ནས་ལྷུངས།སྟབས་ལེགས་པ་ཞིག་ལ་གོ་ཐོས་བྱུང་ནས་ཡོང་བའི་ཡུལ་ཤོག་གི་ལས་བྱེད་པས་དུས་ཐོག་ཏུ་མྱུར་སྐྱོབ་བྱས་པ་རེད།

ཁ་ཆར་རླུང་སད་ཀྱིས་ཁོ་ལ་སྦྱིན་པའི་གནའ་བོའི་ཟངས་མདོག་གི་གདོང་དང་ལག་གཉིས་ལྕགས་རྟའི་ཡོབ་ཆེན་གྱི་ཡུ་བར་བརྡར་པའི་ཤ་དྲེག་གི་རྨ་ཤུལ་གྱིས་ཁོའི་ཆུང་མར་སེམས་སྡུག་ཚད་མེད་བཟོས་ཡོད། ཁྱིམ་ནས་འགྲོ་ཐེངས་རེ་རེར་ཆུང་མ་ནམ་ཡང་བྲལ་མི་འདོད་ཅིང་། ཉིན་ལྟར་སྒུག་སྡོད་ཁྲོད་དུ་བཟའ་ཟླ་དུས་ནམ་ཡིན་ཡང་སེམས་མི་བདེ་བ་དང་། ཐུག་འཕྲད་བྱེད་ཐེངས་རེར་བཟའ་ཟླས་གདོང་སྟོན་མི་ཤེས་པའི་རྣམ་པ་ཙམ་ལས་བསྟན་གྱི་མེད། ཁོས་ཆུང་མའི་སེམས་བཟང་པོ་ཡིན་པ་ཤེས་མོད།འོན་ཀྱང་མི་གཞན་གྱིས་སྒུག་པའི་འཕྲིན་ཡིག་ལ་བྲེལ་བ་ལངས་ན།དུས་ལྟར་སྐྱེལ་མ་ཐུབ་ན་ཅི་བྱེད། དེས་མི་ཚད་སང་ཉིན་ང་ལ་ད་རུང་བྱ་བ་ཡོད་ཅེས་བཤད།

ཕྱི་ཉིན་ནམ་ལངས་མ་ཐག་ཁོ་དུས་རྒྱུན་ལྟར་ཐོན་བྱུང་། དེ་ནི་མི་ཧ་ཅང་ཉུང་ཉུང་ཡིན་པའི“རྐང་འཁོར་བཞོན་མཁན”གྱི་ཡིག་སྐྱེལ་ལམ་བུ་ཞིག་རེད། ལམ་བར་དུ་ཁོས་འཕྲིན་ཡིག་ཅིག་རི་སྟེང་གི་ལུང་ཁུག་གྲོང་སྡེ་ཞིག་ཏུ་བསྐྱལ་དགོས་ཞེས་བཤད་པ་རེད། ལོ38རིང་གི“སྦྲག་སྐྱེལ་གྱི་མི་ཚེ”དཀའ་ཚེགས་ཆེ་ཡང་ཁོས་རྒྱུན་འཁྱོངས་དང་བརྟན་སྲུང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་གདོང་ལས་བདེ་སྐྱིད་ཀྱི་ཉམས་འགྱུར་དེ་ཡུལ་ལྗོངས་མཛེས་ཤོས་ཤིག་ཏུ་བསྒོམས་ཡོད།ཁོ་ཉིན་ལྟར་ལས་ལ་བྲེལ་ནས་མི་རྣམས་ཀྱི་སེམས་ནང་བརྗེད་པར་དཀའ་བའི་དྲན་ཤེས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།

ཨ་མགོན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:རྟ་ཐོག་གི་མི་དམངས་ཉེན་རྟོག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།