དམངས་ཁྲོད་ཀྱི་གཟའ་སྐར་བརྟག་ཚུལ།

        2022-07-15

སྤྱིར་བོད་ཀྱི་རིག་གནས་ཀྱི་གཞི་རྐང་དུ་གྲུབ་པའི་མི་ཚེ་རིན་ཐང་གི་ལྟ་བ་མཐར་ཐུག་པ་ཞིག་ཡོད་པ་ནི་འགྲོ་བ་རིགས་དྲུག་པོ་གང་ཞིག་ཡན་རུང་སྲིད་པིའ་བདེ་སྡུག་ཐམས་ཅད་རང་རང་ལས་ཀྱིས་བྱེད་པ་ཡིན་པས། དེར་བཅོས་ཐབས་དང་ཟློག་ཐབས་ཡོད་པར་སེམས་རྒྱུ་མེད་མོད། འོན་ཀྱང་ཕྱི་ནང་གཟའ་སྐར་གྱི་ཞི་དྲག་སྦྱོར་བ་དང་། འཕྲལ་འཕྲལ་དུ་བྱུང་བའི་ལེགས་ཉེས་འབྲས་བུ་སྣ་ཚོགས་ལའང་རྟེན་འབྲེལ་གྱི་གསང་བའི་མན་ངག་མེད་པར་ཡང་ནམ་ཡང་སེམས་རྒྱུ་མེད་པས། གཞུང་དང་ངག་ན་དེའི་སྐོར་གྱི་ཤེས་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་མང་ཡང་ཕྲན་ནས་བོད་ཀྱི་དམངས་ཁྲོད་ཀྱི་རྒྱུན་མཐོང་ལག་ཁྱེར་གྱི་ཚུལ་དུ་ཡོད་པའི་རྩིས་ཀྱི་ཤེས་བྱ་ཏོག་ཙམ་བཀོད་པ་ལ། 

གཅིག། ཚེས་ཀྱི་གནམ་སྒོ།

གཅིག་གསུམ་མགྲོན་པོའི་མགོ་མི་ཐོན།། གཉིས་གསུམ་ཉོ་ཚོང་དོན་མི་འགྲུབ།།གསུམ་གསུམ་ཁང་ཁྱིམ་རོ་ཁང་འགྲོ།།བཞི་གསུམ་དམག་ཆས་བུ་རྟ་འཆི།།ལྔ་གསུམ་གོས་བཟོས་རོ་གོས་འགྱུར།།དྲུག་གསུམ་སྟོན་མོའི་ཟས་གཡང་ཉམས།།བདུན་གསུམ་བག་བླངས་མི་ཕོ་འཆི།།བརྒྱད་གསུམ་ཨ་མྱེས་དུར་བཏབ་ངན།།དགུ་གསུམ་མོ་བཏབ་མཐོང་མི་འགྱུར།།བཅུ་གསུམ་ནོར་བླངས་ཕན་མི་འགྱུར།།ཞེས་དང་། ཡང་། བཅུ་གསུམ་སྤྱི་ཡི་གནམ་སྒོ་ཡིན།།བྱ་བ་ཕལ་ཆེར་བྱོལ་དགོས་གསུངས།།བྱེ་བྲག་གནམ་སྟོང་ཉིན་མོ་ལ།།ཡས་གླུད་ཆོ་ག་མི་བསྔོ་སྟེ།།བསྔོས་ཀྱང་འདྲེ་ལམ་རྙེད་དཔེ་མེད།།ཅེས་སོགས་དམངས་ཁྲོད་དུ་ཁྱབ་ཡོད་ཀྱང་། དེར་ཡང་རྩིས་ཚུལ་གཞན་པ་དང་བཅོས་ཐབས་མེད་པ་ནི་མ་ཡིན་ནོ།།

གཉིས། སྐྲ་སྐར་བཟང་ངན།

མི་སུ་དང་གང་ཞིག་ཡིན་ཡང་སྐྲ་འབྲེག་སྐྲ་བཅོས་བྱེད་པ་ལ་ཉི་མ་བཟང་ངན་གྱི་དབྱེ་བ་མ་ཤེས་ན། རེས་འགའ་ཟླ་བ་དེར་ནད་བྱུང་བ་དང་། མིག་མི་གསལ་བ། བྱ་བ་ལམ་འགྲོ་མེད་པ་སོགས་འབྱུང་སྲིད་པས་དེའི་ཚུལ་ལ་དམངས་ཁྲོད་དུ་རྒྱུགས་ཆེ་བའི་བཤད་རྒྱུན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྲ་ཡི་ལེའུ་རུ། ཚེས༡ཚེ་ཐུང་། ཚེས༢ནད་མང་བ་དང་ཁ་མཆུ་འོང་། ཚེས༣ཕྱུག་པོ་འོང་། ཚེས༤དབང་ཐང་ཆེ་བ་དང་མདངས་རྒྱས་པ།ཚེས༥ནོར་འཕེལ། ཚེས༦མདངས་འཕྲོག་ངན། ཚེས༧ཁ་སྨྲས་ཞལ་ལྕེ་འོང་། ཚེས༨ཚེ་རིང་། ཚེས༩ན་ཆུང་དང་འཕྲད། ཚེས༡༠དགའ་བ་འཕེལ། ཚེས༡༡དབང་བོ་རྣོ་ཤེས་རབ་འཕེལ། ཚེས༡༢ནད་འོང་སྲོག་ལ་གཟན། ཚེས༡༣བརྩོན་འགྲུས་ཆེ་མཆོག་ཏུ་བཟང་། ཚེས༡༤ལོངས་སྤྱོད་འཕེལ། ཚེས༡༥བསོད་ནམས་ཆེ། ཚེས༡༦རྒྱུ་བ་ངན། ཚེས༡༧མིག་མི་གསལ། ཤ་རྩི་སྔོ། ཚེས༡༨ནོར་སྟོར། ངན། ཚེས༡༩ཆོས་འཕེལ། ཚེས༢༠ལྟོགས། ངན།ཚེས༢༡དལ་ཡམས་འོང་།ཚེས༢༢ནད་འཕེལ།ཚེས༢༣ཕྱུག་པོ་འོང་།ཚེས༢༤རིམས་ནད་འོང་།ཚེས༢༥མིག་ཚག །ངན། ཚེས༢༦ བདེ་སྐྱིད་འོང་། ཚེས༢༧བཀྲ་ཤིས། ཚེས༢༨འཐབ་མོ་འོང་། ཚེས༢༩བླ་འཁྱམས། ངན། ཚེས༣༠ཁ་སྨྲས་འོང་། གཤིན་དང་འཕྲད། ཞར་བྱུང་བུ་ཆུང་ལོ་གསུམ་ལོན་ཚེ་ཆུང་སྐྲ་འབྲེག་པ་ལ་ཚེས་གྲངས་མི་གཙོ་སྟེ། སྐར་མ་སྣར་མ༣ནས།མགོ་དང་། ལག།ནབས་སོ། རྒྱལ། སྐག།མཆུ། གྲེ། དབོ། མེ་བཞི།ནག་པ། ས་རི། ས་ག་རྣམས་བཟང་། དེ་ལས་གཞན་པའི་སྐར་མ་རྣམས་ངན་པའོ།།

དམངས་ཁྲོད་ཀྱི་ས་དཔྱད་རྒྱག་ཚུལ།

སྤྱིར་བཏང་གི་ས་ལ། ཕ་དང་མ། བུ་དང་ཚ་བོ་ཚ་མོའི་རྣམ་གཞག་སོགས་མིའི་གཉེན་ཉེ་དང་ལུས་ཀྱི་ཆགས་ཚུལ་ལྟར་གྱི་དཔྱད་པ་བྱེད་བཞིན་ཡོད། དེས་ན་སའི་ཕ་ནི་གནམ་དང་། ས་གཞི་མ། སའི་བུ་བར་སྣང་། སའི་སྤུན་ཟླ་ཕ་རི་ཚུ་རི། ས་སའི་ཤ །རྡོ་སའི་རུས་པ། ལམ་སའི་རྩ་རྒྱུད། ས་ཤུན་སའི་པགས་པ། རྩི་ཤིང་ནགས་ཚལ་སའི་བ་སྤུ། རླུང་སའི་དབུགས། མེ་སའི་དྲོད། ཉི་ཟླ་སའི་མིག །ཆུ་སའི་ཁྲག་སོགས་མི་ཞིག་དང་གཅིག་པ་གཅིག་མཚུངས་ཀྱི་བཤད་ཚུལ་ཞིག་ཆགས་ཡོད་ལ། དེར་ད་དུང་ཐོག་མར་ངེས་དགོས་པ་ཞིག་ནི་ཕྱིའི་ས་དཔྱད་དང་ནང་གི་ས་དཔྱད་གཉིས་ཏེ། ཕྱིའི་ས་དཔྱད་ནི་རི་ར་བ་ཁང་ཁྱིམ་ལ་དཔྱད་པ་གཏོང་བ་དེ་དང་། ནང་གི་ས་དཔྱད་ནི་མི་ཞིག་གི་སྐྱེས་གཟུགས་ཆ་ཚང་ལ་དཔྱད་པ་བཏང་སྟེ་ས་དཔྱད་གནང་བའོ།།

དེ་བཞིན་ཕྱོགས་ཀྱི་ཆ་ནས་བཤད་ནའང་བྱང་ཕྱོགས་སའི་མགོ་བོ་རེད། རྒྱུ་མཚན་ནི་རི་རབ་བྱང་ཕྱོགས་ན་ཡོད་པས་དང་། ལམ་མགོ་ཤར་ཏེ་སྟག་སྐྱ་བོའི་ལམ་ལྷ་དེ་ཤར་ན་ཡོད་པ།ནགས་ཚལ་གྱི་མགོ་བོ་ལྷོ་ན་ཡོད་པ་སྟེ། ནགས་ཀྱི་གཙོ་བོ་རི་བོ་མ་ལ་ཡ་ཙན་དན་ནགས་ཀྱིས་བཟུང་བ་དང་གཞན་ད་དུང་རི་རབ་ཀྱི་ལྷོ་ཕྱོགས་ན་ཤིང་གི་རྒྱལ་པོ་དཔག་བསམ་གྱི་ཤིང་ཡོད་པ། ཆུ་མགོ་ནུབ་སྟེ། ཆུ་ཐམས་ཅད་ཀྱི་མགོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོགས་ཡིན་པས་སོ།།

དེས་ན་ས་མཁན་ཞིག་གི་ཆ་རྐྱེན་གཙོ་བོ་ནི་མི་གཤིས་དྲང་ལ་བསམ་བློ་ཡག་པ་དང་། གཞན་ལ་གནོད་པ་གཏན་ནས་མི་བྱེད་པ་ཞིག་ཡིན་དགོས་པར་མ་ཟད། ས་དཔྱད་ཀྱི་གསང་བ་སོགས་ཕྱི་ལ་མི་འཆོར་བ་ཞིག་ཡིན་དགོས་ཏེ། ས་དཔྱད་ལ་བརྟེན་ནས་གཞན་ལ་གནོད་འཚེ་སྐྱེལ་སླ་བས་སོ།།

དེ་ཡང་ཁང་ས་སོགས་ཀྱི་ས་བརྟག་ཚར་བ་ན་བསང་གཏོང་བ་དང་། གསེར་སྐྱེམས་ཕུལ་བ། གཞི་བདག་གཏོར་མ་བཅས་ཕུལ་ནས་ས་ཆོག་བྱེད་དགོས་པ་དང་། དེ་ནས་སའི་ལྷ་མོ་གཙོས་སྟོང་གསུམ་གཞི་བདག་དང་གནས་བདག་ཐམས་ཅད་དམ་དམིགས་བསལ་གྱི་གཞི་བདག་དེ་ལ་ས་བསླང་དགོས། ས་དེ་བསླངས་ཚར་ཡང་ད་དུང་འཁུ་ལྡོག་བྱེད་ན། ཡུམ་ཤེར་ཕྱིན་གྱི་སྒོ་ནས་སམ་བརྒྱད་སྟོང་སོགས་གང་རུང་བཏོན་ནས་ས་ཆོག་བྱེད་སྲོལ་ཡོད། དེ་མིན་ད་དུང་མདོ་སྡུད་པ་བཏོན་ན་འང་ཆོག་པར་བཤད་ལ། གྲོང་བའི་ཁྱིམ་ས་སོགས་ཡིན་ན་གནམ་ས་སྣང་བརྒྱད་དང་བཀྲ་ཤིས་བརྩེགས་པ་སོགས་བཏོན་ནས་ས་ཆོག་བྱ་བའང་ཡོད། དེ་ལས་གཞན་པའི་མན་ངག་ཅིག་ཡོད་པ་ནི་གཙོད་རྭས་ས་འདུལ་བ་དེ་རེད། ཡོངས་གྲགས་སུ་གཙོད་རྭས་མི་ཐུབ་པའི་ས་དགྲ་མེད་ལ། གཙོད་རྭ་ཡོད་ན་ས་དེར་གནས་པའི་ལྷ་ཀླུ་གཉན་སོགས་ཡོད་ཀྱང་གནོད་པ་བྱེད་མི་ཐུབ། དེ་བས་ས་མཁན་མང་པོ་ཞིག་ལ་ཡོ་བྱད་དེ་ཡོད་ངེས་པ་དང་། ད་དུང་ཕག་རྒོད་ཀྱི་མཆེ་བའང་དགོས། དེ་གཉིས་ཡོད་ན་མི་ཐུབ་པའི་ས་དགྲ་ཞིག་མེད་པར་བཤད། དེ་ཡང་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་སྟོད་ཙམ་ན།ཞིང་གྲོང་ཁྱིམ་ཚང་གི་སྒོའི་ཡ་ཐེམ་དུ་ཕག་གི་སྣ་སྦྱར་ཡོད་པ་དེ་ཡང་ཀླུ་འམ་ས་བདག་གཉན་པོའི་གནོད་འགོག་གི་ཐབས་ཤིག་ཡིན་པར་བཤད།

དེ་ཡང་སའི་ཆགས་ཚུལ་དང་འདེམ་ཚུལ་མཚོན་ཙམ་བཀོད་ན། ཤར་ཕྱེ་ལྷོ་སྤུངས་ནུབ་འདན་མ། བྱང་ཕྱོགས་རྩེ་འཛིན་སྦྱོར་བའོ།།འདི་ནི་ས་ཡི་ཀ་བ་བཞི།།གཞུང་ན་འདི་བཞི་གཙིགས་པར་གསུངས།། ཞེས་ལྟ་བུ་དང་། རྒྱབ་ཀྱི་གཏད་བཞིའམ་ས་ཡི་སྲུང་བ་བཞི་ནི། ཤར་གྱི་ལམ་བྲག་སྟག་སྐྱ་བོ།། ལྷོ་ཆུ་གཡུ་འབྲུག་སྔོན་མོ་ཡིན། རྒྱབ་རི་རྩེ་འཛིན་རི་རྒྱུད་བཟང་།། གཡས་གཡོན་ཆུ་གཉིས་མདུན་དུ་འདུས།། མདུན་དུ་ཆུ་ཤིང་ལམ་གསུམ་འཛོམས།། ཞེས་པ་ལྟ་བུ་དང་། དེ་བཞིན་དམུ་ཐག་ལ་དཔྱད་པའམ་གལ་ཆེ་བ་སྟེ།གནས་ཁང་གི་གཡས་གཡོན་དུ་ཤིང་སོགས་དམུ་ཐག་ཡོད་མེད་ལ་བརྟག་པ་གཙིགས་ཆེན་དུ་བཤད། དེ་ནི་ཉི་ཟླ་འཆར་ཐག་རིང་བ་དང་ཉི་མ་ཚང་ཤར་ཚང་ནུབ་ཡོད་ན་གནམ་གྱི་དམུ་ཐག་དང་། རི་རྒྱུད་རིང་པོ་ཡོད་ན་སའི་དམུ་ཐག་ཡིན་ལ། གཡས་གཡོན་དུ་ལམ་ཡར་ཆས་ཡོད་ན་སྒང་གི་དམུ་ཐག་དང་། བྲག་དཀར་པོ་དང་སྔོན་པོའམ་མདུན་རྒྱབ་ཏུ་ཕ་བོང་ཆེན་པོ་བཅས་ཡོད་ན་རྡོའི་དམུ་ཐག་ཡིན། ཤུག་པ་དང་སུར་དཀར་གཙོས་ལྗོན་ཤིང་དང་མེ་ཏོག་ཡོད་ན་ཤིང་གི་དམུ་ཐག་ཡིན་ལ།དམུ་ཐག་འཛོམས་ན་ཚེ་རིང་ཞིང་ནད་ཞི་བའོ།།

ཁང་བའི་ཕྱི་ནང་གི་ས་དང་བཀོད་སྒྲིག་སོགས་བཤད་ན་ཆེས་མང་ཡང་གཙོ་བོ་རེ་གཉིས་ནི། ཁང་པ་ཚད་ལྡན་ཞིག་བཟོ་ན་སྨེ་བ་དགུའི་མཚོན་དོན་དུ་ཁང་མིག་དགུ་ཕུབ་པའི་བཤད་རྒྱུན་གྲགས་ཆེ། ཁང་པ་གྱན་དགུའི་ནང་གི་དཀྱིལ་མ་ནི་འགྲུལ་ཁང་ངམ་མགྲོན་པོ་གནས་ལེན་བྱེད་ས་བྱས་ན་བཟང་། གྱན་དགུ་ལས་གནས་ཀྱི་ཐད་ནས་བཤད་ན་གལ་ཆེ་བོ་དེ་ནུབ་བྱང་མཚམས་ཀྱི་ཁང་པ་དེ་རེད། དེ་ནི་མི་སྐྱ་དང་ཁྱིམ་ཚང་ཡིན་ན་ཕའམ་བཟའ་དཔོན་གྱི་འདུག་སའི་ཁང་པ་དང་། སྡེ་བ་དང་ཚོགས་པ་ཡིན་ན་དཔོན་པོའི་འདུག་གནས། དགོན་པ་ཡིན་ན་དགོན་བདག་བླ་མའི་བཞུགས་གནས་ཡིན་པ་རེད། དེ་མིན་ནོར་སའམ་མཛོད་ཁང་ཡང་ནུབ་བྱང་གི་མཚམས་དེར་བཟོ་བ་གལ་ཆེན་དུ་བརྩི་སྲོལ་ཡོད།

དེ་ཡང་ཁང་པའི་ནང་ལ་མཚོན་ན་གདུང་མའི་འོག་ཏུ་འཁེལ་ནས་ཉལ་ན་ལུས་སྟེང་དུ་གྲི་བཞག་པ་དང་འདྲ་བས། སྔོན་གྱི་ཆ་རྐྱེན་ངེས་ཅན་ཡོད་པའི་ཁྱིམ་རྒྱུད་རྣམས་ཀྱིས་མལ་ཁང་ནང་དུ་གནམ་རས་དང་གནམ་རྒྱན་རྒྱག་པའི་སྲོལ་དེའི་ཁུངས་ཀྱང་ས་དཔྱད་ཀྱི་གཞུང་རེད་ལ། ཉལ་བའི་དུས་སུ་རང་རང་གི་ལོ་རེས་སྤར་ཁ་ལྟར་གྱི་མགོས་འཁོར་ཕྱོགས་ཀྱང་ཡོད་མོད། གང་ལྟར་ལྷོ་ཕྱོགས་གཤིན་རྗེའི་ཡུལ་མགོ་མིག་གཏོད་ཟེར། ཞེས་ཀུན་ལ་གྲགས། དེ་མིན་འཛེམ་བྱ་ལ་སྦྲུལ་ནག་ཁུང་བུད་"ཞེས་གདུང་མའི་སྣ་སྣེ་རྩིག་པའི་གསེང་ནས་བུད་ན་ཕྱི་དགྲ་ནང་དུ་འདྲེན་པས་ངན་ལ། གལ་ཏེ་མི་མངོན་ཀ་མེད་བྱུང་ཚེ་མགོ་ངེས་པར་དུ་བཏུམས་དགོས་པ་དང་། “ཀ་གཅིག་རླུང་གི་འཁོར་ལོ་ཞེས་ཁང་པའི་ནང་དུ་ཀ་གཅིག་བཞག་ན་ནོར་མི་ཆགས་པས་འཛེམ་བྱ་གཙོ་བོར་ངོས་འཛིན་གྱི་ཡོད་དོ།།

གཅན་ཚ་བཀྲ་བྷོས་བརྩམས་པའི་དམངས་སྲོལ་རིག་པའི་སྤྱི་དོན་ལས་དྲངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཁམས་ལི་ཐང་ཡུལ་གྱི་ཁང་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།