ཚོར་བའི་གྲུ་ཁེམ་ཐོགས་པ།

ཀྱེ་ཕུར་མཆོག་གསུམ།        2022-07-18

མུན་པའི་གཏིང་དུ་བཀབ་པའི་སེམས་ངལ་གྱིས།།

སྙིང་གི་རི་བོ་གས་ཁ་སྟོང་དུ་འཐོར།།

ནུབ་ལ་བཞུད་པའི་ཉི་མའི་མིག་ཟུང་ལས།།

དངན་པའི་མཆི་མའི་ཕྲེང་ཐག་དུམ་བུར་ཆད།།

ཉི་མའི་ངོ་གདོང་མཚལ་གྱིས་བཀྲུས་པའམ།།

རླུང་གི་ལག་པ་མུན་པས་བསེད་པའམ།།

སེམས་ཀྱི་བག་མར་ཚིག་གིས་བྲབས་པ་ཡིས།།

ངས་ནི་ཉི་ནུབ་ཅིག་གི་གསང་བ་རྒུམ།།

འདོད་མོས་གཙང་པོའི་རྒྱུ་ལམ་བཟློག་པའམ།།

ཁམས་ཀྱི་ལ་མོ་སྨུག་པས་གཡོགས་པའམ།།

རྨོངས་ཞེན་སྙིང་གི་བུ་གར་འཚང་བ་ཡིས།།

ངས་ནི་ས་སྲོད་ཅིག་གི་ཁ་དོག་བཙལ།།

ཅི་ཞིག་གང་ནས་འཁྱགས་སམ་ངག་ཀྱང་ལྐུག།

གང་ཞིག་གང་ནས་འཆོལ་ལམ་གོམ་འགྲོས་གདུར།།

ལས་ཀྱི་ལམ་བུ་ནོར་བའི་ལུས་རྟེན་འདིར།།

ངས་ནི་རྒྱ་ལྕག་ཕྲ་མོས་ཡང་ཡང་བྲབས།།

སེམས་ཀྱི་མངའ་ཐང་དགུན་གྱི་རླུང་གིས་སྒུལ།།

འཇག་རྩྭའི་ལན་བུ་ཤིག་ཤིག་ས་ལ་དཔྱངས།།

ཁུང་སྒོའི་བྲ་བ་རྒྱ་བོའི་དཔུང་ཚོགས་ཀྱང་།།

སེམས་ཁྲལ་ཁ་སྤུ་ཚོམ་མེར་སུ་ལ་ཅེར།།

ཡིད་ཀྱི་འཁྱམ་རར་འདུས་པའི་ཁང་བྱེའུ་དག།

མིག་ཟུང་ལྷེམ་ལྷེམ་རྣ་བ་ཅོར་ཅོར་གྱིས།།

ལྷགས་པའི་རོལ་མོ་འགམ་པའི་ཡི་མུག་གིས།།

ལུས་ཀྱི་རྩ་ཆེན་སྦྲིད་དེ་སྙིང་ཁམས་འཁྲུགས།།

སྐད་ཆའི་མདའ་མོའི་སྒྲོ་གཤོག་ཐལ་བས་གས།།

མིག་ལ་གཙུབ་པའི་སྣང་བརྙན་རབ་རིབ་དག།

མདུང་དང་ཚེར་མའི་གཟུགས་ཀྱིས་གཟུར་མེད་དུ།།

དྲན་པའི་ཡོལ་གོར་སྐྱེན་པོའི་འགྲོས་ཀྱིས་ལྷུང་།།

བྱང་ནས་བྱང་དུ་བཞུད་པའི་རྣམ་ཤེས་དེས།།

ཕྱི་མིག་འཁྲེང་ཡོད་བསམས་ན་སེམས་ཀྱང་འཁྱགས།།

འགྲོ་དགོས་ལས་ལ་ཐུག་པའི་བཀའ་ཡིག་དེ།།

སུས་ཀྱང་བཟློག་ཐབས་མེད་པ་ཀྱེ་མ་ཧུད།།

སྣོད་ཀྱི་ཁ་ཐིག་གྲོལ་བའི་མཐའ་མ་ལ།།

ནང་ནོམ་འཕོ་བའི་གྱོང་གུད་མི་ཐེག་ཀྱང་།།

སྟ་གོན་སྙིང་ན་མེད་པའི་བྲེལ་འཚུབ་ཀྱིས།།

སྙིང་གི་གླ་བོ་འདྲོགས་ཏེ་རྩིབས་རུས་རྡིབ།།

དམ་བཅའི་བྲག་ཀྱང་ཉིལ་བ་དུས་ཀྱི་གཤེད།།

ཁ་ཆད་གཙང་པོ་སྐམ་འགྲོ་ལས་ལ་ཐུག།

འཁང་རའི་གཏམ་ཡང་མི་སྨྲ་རང་སེམས་གཅུན།།

ཕུགས་ཀྱི་ཡར་ཟླ་འཕེལ་ན་དེ་གས་ཆོག།



  • ལེ་ཚན་སྔོན་མ།:བསྟོད་དབྱངས་སེམས་ཀྱི་རང་སྒྲ།
  • ལེ་ཚན་རྗེས་མ།:རིག་འཛིན་མགུར་ཐུང་།