ཨ་མས་ཡི་གེ་བསླས་པ།

རྣལ།        2022-07-19

༼ ཞར་བཀོད་གཅིག ༽

ཟླ་བ་འཚེམ་དྲུབ་བྱས་པའི་མཆོད་རྟེན་

ཞིག་གྱང་ངོར་བྲིས།

སྔུན་ནས་རྡེའུ་དཀར་ནག་གིས་མི་ཚེའི་

ལམ་ཆེན་བཞེངས།

སྐྲ་ཡི་སྣེ་མོར་འཐམ་པའི་མཛུབ་ཆུང་ཁེར་རྐྱང་ལུས།

རྒྱུས་ཆེ་བའི་རྟ་ཕོ་ཁམ་པ་སྐྱོ་གདོང་ཆེ།

བྲང་ཁར་སྦྱར་བའི་པར་རིས་ལོ་དང་ཟླ་བས་བསྲེགས།

ལོ་ཟླའི་ཁྲོད་ནས་ཟླ་བ་བཙལ།

མགྲིན་པ་བརྣངས་ཤུལ་དུ་ལུས་པའི་འབྲོག་ཁུལ་དུ་

ལག་ངོ་ལྐོག་ཤུལ་དུ་སྦྱར་བའི་བླ་གཡུ་རྙེད།

བཞོ་ཟོའི་ནང་དུ་འཁྱིལ་བའི་འོ་མའི་སྙིང་པོ་དེ་

གནས་གཞན་ནས་གཞན་དུ་འཁྱམས།

འོད་དང་རྨི་ལམ་འདྲ་ལེ། ཆུ་དང་ཆར་བ་འདྲ་ལེ།

རླབས་རྒྱུན་གཅིག་གིས་གཅིག་དེད་མཐར།

མེ་ཏོག་འདབ་ལོར་ཐིམ།

ཟེའུ་འབྲུ་རེ་རེ་ཁྲག་རྩ་ནས་ལམ་དུ་ཆས།

གྲིབ་མ་གྲིབ་མར་བསྡེབས་ནས་ཁ་བ་འབབ་པར་སྒུག།

དབྱངས་ཀྱི་ལེའུ་ཞིག་ནས་མཛུབ་མོ་ཐད།

ཚིག་གི་རབ་བྱེད་ཅིག་ནས་མེ་ཏོག་འབུས།

ཉི་ཟླ་རྣ་ལུང་བྱས་ནས་སྐེ་རྒྱན་བསླས།

ཕ་ཡུལ་དུ་ལུ་གུ་བརྩེས།

བལ་དཀར་གྱི་ཁྱོར་བའི་ནང་དུ་འོད་ཀྱི་སྙེ་མ་བཏུས།

སྙིང་ལ་དམ་ཚིག་སྲུང་།

མིག་ལ་ཁྱིམ་གཞི་བཙུགས།

གཟི་ཆུང་མིག་ནས་ལྷུང་བའི་ནམ་ཟླ་འདིར།

རྣ་ཆ་རྩྭ་ཐང་ནས་བོར་བའི་རྨི་ལམ་འཚོལ།

རུམ་ཁའི་བྲང་ཁར་སྦྱར་བའི་ལག་ཟུང་གིས།

སེམས་ཀྱི་ཕྱི་ནང་བྲིས།

ཁང་བརྩེགས་བར་གྱི་ཆོ་ངེ་།

ཤེལ་གྱི་དྲ་མའི་ངོས་ཀྱི་རྡུལ་དེ་དག།

མེ་ཏོག་གི་དབྱིབས་གཟུགས་ཀྱིས་དབལ།

མུན་པ་དང་སྣང་བ་ནི་གཞི་གཅིག་ཏུ་འདྲེས།

ཁྱོད་ཉིད་སྟོང་པའི་མཚན་མོས་ཚིག་ཇ་ཕོར་

གང་བཏུང་བར་བྱས།

བདག་ལ་ཅི་ཡང་མེད་དེ།

ཤོག་དཀར་སེམས་པའི་ཚབ་ཏུ་སྐྱིད་སྡུག་འབྲི་སར་ཕུལ།

ཉེ་ལོགས་སེམས་པ་ཆེར་གནོངས་དང་།

བསྐྱར་དུ་འཕྲད་པ་གནང་འོང་།

ཡིག་ཆུང་ནི་བདག་གི་ལེགས་སྐྱེས་ཆེ་ཤོས་ཤིག་སྟེ།

སྟོང་པའི་ཁམས་ནས་ཡང་ཡང་དབུལ།

ངས་ནི་ཁང་བརྩེགས་བར་གྱི་ཆོ་ངེ་ལས།

ཉིན་རེ་ན་ཟུག་གཅིག་རེ་བསླངས་ཏེ་བསྡད།

བདག་ཉིད་བདེ་བར་སྡོད་མི་ཚུགས་ཏེ།

ངའི་ལེའུ་རྗེས་མ་ཁྱོད་ཕྱོགས་བཞུད་པས་སོ།།

ད་ནི་རྒྱང་ཐག་རིང་དུ་སོང་སྟེ།

མིག་ཟུང་ཁྱོད་ཀྱི་རྗེས་སུ་ཡང་ཡང་ཤོར།



  • ལེ་ཚན་སྔོན་མ།:དབྱར་སྐྱིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།