སད་མ། 2022-07-20
སྟོད་གཡའ་སྤང་འདྲེས་པའི་སོ་ཁ་ན། །
བྱ་རི་དྭགས་མཉམ་དུ་གུ་ཡངས་རོལ། །
གཞི་འཁོར་བའི་གནས་ལ་སུན་སུན་ནས། །
སྙན་རྩ་འདབ་གྲོལ་བའི་ཐོས་པ་དགའ། །
སྤྲིན་ལུག་ཁྱུ་འདྲ་བའི་ཡང་སྟེང་ན། །
རྒོད་ཐང་དཀར་ལྷན་དུ་གཤོག་རྩལ་ངོམ། །
དགྲ་གཉེན་ཉེའི་འཐབ་ཆ་ཟིང་ཟིང་ནས། །
སེམས་ཉོན་མོངས་བྲལ་བའི་ཐོས་པ་དགའ། །
ནགས་ཚང་ལོ་མཛེས་པའི་བྲག་ཕུག་ན། །
ཟས་སྔོ་རྐྱང་ཁོ་ནས་འཐུས་བྱས་པའི། །
གྲོགས་ཕུ་ནུའི་ཆགས་སྡང་དྲན་དྲན་ནས། །
དབྱངས་མགུར་མ་བཞེངས་པའི་ཐོས་པ་དགའ། །
སྟོད་ཕུ་ཆུ་འབབ་པའི་ཉེ་འགྲམ་ན། །
རྩི་མེ་ཏོག་བཞད་པའི་དབེན་པ་རུ། །
སེམས་མི་གཡོ་དམ་ཚིག་བརྟན་བརྟན་ནས། །
འཁོར་ཡིད་བྱེད་བྲལ་བའི་ཐོས་པ་དགའ། །
མི་གཞན་གྱིས་བལྟས་ན་སྙིང་རེ་རྗེ། །
ན་ཆུང་བའི་བུ་མོས་ཁྲེལ་ན་ཡང་། །
ཆོག་ཤེས་པའི་ལས་ལ་འབད་འབད་ནས། །
དུས་གཡེལ་མེད་སྒོམ་པའི་ཐོས་པ་དགའ། །
དགུན་ཟླ་གསུམ་གྲང་ངར་རྒོད་ན་ཡང་། །
གོས་རས་རྐྱང་ཁོ་ནས་ཆོག་པ་ཡི། །
སེམས་གཏུམ་མོའི་བདེ་དྲོད་འབར་འབར་ནས། །
ཐུགས་ལྟ་བ་མཐོ་བའི་ཐོས་པ་དགའ། །
གནས་བྱང་ཆུབ་རྫོང་གི་དབེན་པ་རུ། །
སྟོད་ལྷ་བཙན་གངས་དཀར་མཛེས་ཤིང་བརྗིད། །
ལུས་ཚེ་གཅིག་སྤྲང་པོ་བྱས་བྱས་ནས། །
རྒྱུ་ཞེན་ཆགས་བྲལ་བའི་ཐོས་པ་དགའ། །
རི་ཟུར་གསུམ་སྒང་ཁར་འགྲིམ་པ་ཡི། །
ཡིད་དབྱིངས་རིག་ཉི་ཟླ་རང་གསལ་ཅན། །
ཞེ་ཕུ་ཐག་ཆོད་པ་སྲ་སྲ་ནས། །
བློ་རྣམ་དཔྱོད་ལྡན་པའི་ཐོས་པ་དགའ། །
ཡིད་འཕྲོག་པའི་ཁོར་ཡུག་དྲ་བ་ཅན། །
གནས་རྐྱང་འཕན་ནམ་མཁའ་ཡང་རྫོང་ན། །
གཞི་འཛིན་མེད་དོན་དེ་རྟོགས་རྟོགས་ནས། །
རྐང་ཤ་རྗེན་དོད་པའི་ཐོས་པ་དགའ། །
ཆོས་ཐོས་པའི་ཟབ་ཚད་མཁའ་ཡི་ཟླ། །
སྒོམ་ཉམས་ལེན་ལྟ་བ་གངས་ལས་མཐོ། །
ལྷ་སྟོན་པའི་ཆོས་ཚུལ་བརྩོན་བརྩོན་ནས། །
གངས་ཉི་ཤར་འདྲ་བའི་ཐོས་པ་དགའ། །
ཤིང་བེར་དཀར་དབྱུག་པ་ལྕིག་རྒྱུན་ངང་། །
རྩལ་ཐོགས་པ་མེད་པའི་ས་མཐའ་པ། །
སྐུ་ཀུན་རྫོབ་གར་ལ་རོལ་རོལ་ནས། །
ལྗགས་མགུར་མ་ལེན་པའི་ཐོས་པ་དགའ། །
དོན་ཉམས་ལེན་ལས་ལ་ངལ་བ་མེད། །
བདག་མེད་པའི་ལྟ་བ་ཚུལ་བཞིན་རྟོགས། །
སེམས་དད་པའི་སྙིང་རུས་ཆེ་ཆེ་ནས། །
ཡུལ་གངས་ཅན་སངས་རྒྱས་ཐོས་པ་དགའ། །
ཡུལ་ངེས་མེད་འགྲིམ་པའི་རྣལ་འབྱོར་པ། །
ཞེ་རུས་པའི་དམ་བཅའ་མ་བརླག་པར། །
བློ་ཆོས་ལ་ནམ་ཡང་འདྲེས་འདྲེས་ནས། །
འཆི་རང་དབང་ཐོབ་པའི་ཐོས་པ་དགའ། །
དར་ཡུག་གཅིག་སྣེ་རུ་འཕུར་བའི་འཕྲུལ། །
བྱ་རྒོད་པོས་གནམ་འཕང་གཏོད་པ་བཞིན། །
གངས་ལ་ཕྱིའི་རྩེ་ན་ལྡིང་ལྡིང་ནས། །
ནང་ཉམས་རྟོགས་རྒྱས་པའི་ཐོས་པ་དགའ། །
སེམས་དད་དང་དགའ་བ་ཐོབ་པ་ཡི། །
ང་སྙིགས་མའི་མི་ཡིས་སྙན་ཚིག་འདི། །
རྗེ་མི་ལ་དྲན་པའི་མཆོད་པ་རུ། །
དབྱངས་སྡེབ་ལེགས་ཚིག་ལ་བརྒྱུས་ཏེ་ཐལ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10