རྣམ་རྟོག་གི་གླུ།

སྒོ་ཡུ།        2022-07-20

འཁོར་འདས་བདེན་རྫུན་འཐབ་པའི་

སོ་མཚམས་ན།།

མཁྲེགས་པའི་མི་སེམས་སྨིག་རྒྱུའི་

མཚོ་མོ་ནང་།།

བརྒྱད་ཁྲིའི་རླབས་ཀྱིས་ངེས་མེད་

གཡོས་པ་ཡིས།།

གཉུག་མའི་མེ་ལོང་རྡུལ་གྱི་

ཚོགས་ལ་བསྟིམས།།

སྐྱིད་སྡུག་ཚོར་བའི་ཉིན་ཞག་

རེས་མོ་འཁོར།།

སྣ་ཚོགས་ལོངས་སྤྱོད་སྒྱུ་མའི་

ཆུ་རིས་གཡོ།།

འཇིག་རྟེན་ཟོལ་གྱི་ནགས་ཚལ་

སྟུག་པོ་ནང་།།

སྲོག་གི་སྡོང་པོ་སྐེམ་པའི་ཚུལ་

འདི་སྨྲེང་།།

རྔམ་ཟིལ་སྙིང་གི་འདར་སྐྱོམ་

སྲིད་ན་རྒོད།།

ཡིད་འཇེབས་སྣང་བའི་མེ་

ཏོག་ཟེ་བ་མེར།།

མཚན་གང་ཟླ་བ་སྒྲིབ་པའི་

སྨག་ནང་དུ།།

རབ་རིབ་མིག་གིས་ཡུལ་གྱི་

གནས་ལུགས་འཚོལ།།

ནམ་ཞིག་བཅོས་མའི་ལང་ཚོ་

ཞིག་པའི་དུས།།

སྡུག་བསྔས་བྲང་ཁ་བརྟོལ་ཞིང་

མིག་ཆུ་སྣོར།།

ཞེ་འདྲེད་དངན་ཤུགས་དྲག་པོས་

ན་ཟུག་སྐྱུག།

འཁོར་བའི་ཉིན་སྲིབ་མཚམས་

ནས་ཡིད་རེ་སྐྱོ།།

མི་རྟག་དུས་བཞི་འགྱུར་བའི་

ཆོས་ཉིད་ཀྱིས།།

སྡོང་ལོ་ཐལ་བའི་ཁྲོད་དུ་སྙིལ་བའི་ཚེ།།

ལས་ཀྱི་བྱ་ཁྱུ་ལྷོ་ཕྱོགས་ནགས་ལ་སྐྲོད།།

ད་དུང་སྙང་སྙོང་ཡིན་པའི་མི་ཚེ་འདི།།

རྣམ་རྟོག་རྦ་རླབས་འཕྱོ་བའི་

སེམས་ཀྱི་མཚོར།།

དུག་ལྔའི་པད་མ་བཞད་པའི་

མཛེས་སྡུག་གིས།།

བདག་གི་རིག་ལྡན་བུ་ཆུང་

དབང་མེད་བསླུས།།

འདི་ཡིས་གཏན་གྱི་བདེ་

བའི་འབོལ་གདན་སྤྲུགས།།

སྲིད་པའི་ཕུན་ཚོགས་འཇའ་

ཚོན་རི་མོ་བཀྲ།།

སྣང་བའི་བདེན་འཛིན་འཐས་

པའི་བྲག་རི་འདྲ།།

འཁོར་བའི་མྱ་ངམ་ཐང་ཞིང་ཆེ་བ་ནས།།

ཅི་བགྱིས་སྡུག་གི་གཞི་མ་ལ་

སོམས་དང་།།

ཀྱེ་མ་ཕྱི་སྣོད་ནང་བཅུད་

འདི་རྣམས་ཀྱང་།།

མི་རྟག་དྲི་ཟའི་གྲོང་གི་ངང་ཚུལ་འདིར།།

གཡེང་བའི་རྣམ་རྟོག་

དྲག་ཏུ་ལྡང་བ་ཡིས།།

མུན་པའི་ཚང་ལ་བྱོལ་བའི་

ཡུན་ཚད་རིང་།།

ཚོགས་དྲུག་ཆུ་འཛིན་ནམ་

མཁའ་ལ་རྒྱུ་སྟེ།།

ཡུལ་དྲུག་ཆར་ཟིམ་བརྡལ་བའི་

དབྱར་གཞུང་གི།

མཛེས་པའི་སྤང་ཐང་སྔོན་

མོ་ཆུ་ཡིས་དཀྲིས།།

ཉམས་དགའི་དུས་ཚིགས་

འདི་ལ་ཞེ་མེར་རམ།།

ཀྱེ་ཧུད་རྒས་ཤིང་འཁོགས་པའི་

ལོ་ནར་སོན།།

སོ་ཕྲེང་མུ་ཏིག་དཀར་མོ་

རིམ་བཞིན་འཐོར།།

སྐྲ་ཉག་དུམ་དུམ་ཁ་བའི་ཚུལ་གྱིས་ལྷུང་།།

ད་ནི་ན་ཟུག་འབུམ་གྱིས་ཕྱི་ནང་གློན།།



  • ལེ་ཚན་སྔོན་མ།:སྙན་ཚིག་ཡ་ཆུང་ཟླ་བའི་འཛུམ་རིས།
  • ལེ་ཚན་རྗེས་མ།:གཤིས་མི་རྟག་བསམས་ན་ཡིད་རེ་མུག