གཤིས་མི་རྟག་བསམས་ན་ཡིད་རེ་མུག

རྐྱང་ཉུལ་གདོང་ནག        2022-07-20

དགུང་ཁྲི་གདུགས་ཉི་མས་གླིང་བཞི་བསྐོར། །

མ་འགྲོ་བའི་འཇིགས་སྨག་རྩ་ནས་བསལ། །

དེ་ཡིན་ཡང་ནུབ་རི་བརྒལ་ཙ་ན། །

མ་འགྲོ་བའི་འཇིགས་པ་ཇེ་ཆེར་འགྲོ། །

ཡིད་རྟག་འཛིན་བློ་ཡང་བཟློག་པས་ན། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །

རྟེན་ལྷ་མིར་གང་དུ་ཆོད་ཀྱང་རུང་། །

དྲིན་ཕ་མ་སེམས་ཀྱི་རྒྱབ་རི་རེད། །

དེ་ཡིན་ཡང་རྒས་ལུས་གུག་ཙ་ན། །

གཤིན་གཏུམ་པོའི་བར་ཐག་ཉེ་བར་བཅར། །

ཡིད་དངངས་པའི་སྣང་བ་ཇེ་རུབ་འགྲོ། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །

རྒྱུན་འཚོ་བའི་གཏད་སོ་གཅིག་མཐུན་པའི། །

གྲོགས་ན་ཟླ་འགྲུལ་རོགས་དག་མ་རེད། །

དེ་ཡིན་ཡང་ཨ་གསར་ཡོལ་ཙ་ན། །

སྔར་སྙིང་གཅེས་དགྲ་ལྟར་རྒོལ་ཞིང་སྡང་། །

རྩ་ལོག་མིག་དར་ནག་གཡོ་བར་བྱེད། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །

འཛུམ་མེ་ཏོག་བཞད་པའི་ཞལ་ཁྱིམ་ལ། །

འདང་ཟེའུ་འབྲུའི་མངར་བཅུད་ཕུན་སུམ་ཚོགས། །

དེ་ཡིན་ཡང་སྦྲང་ཁྱུ་འཁོར་ཙ་ན། །

དཔལ་མཛེས་པ་ཡོད་དགུ་འཕྲོག་པ་བས། །

ཞེ་འཁྲེང་སའི་མེ་ཏོག་ཟུམ་པར་བྱེད། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །

ཆུང་བྱིས་དུས་སྤང་ཐང་འགྲུལ་བའི་རོགས། །

རྩི་མེ་ཏོག་ཞྭ་མོ་བརྒྱན་ཞིང་འདོགས། །

དེ་ཡིན་ཡང་ན་ཚོད་ཟིན་ཙ་ན། །

འཛུམ་ཚེམས་ཕྲེང་གྲིབ་མས་ཡོངས་བསྒྲིབས་ཤིང་། །

ཡུན་འགྲོགས་པའི་ལས་སྐལ་ཟད་པར་བྱེད། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །

དབྱར་དགའ་བཟང་ནེའུ་གསེང་གཡུ་ཡི་མདོག །

མཐོང་ཙམ་གྱིས་ངལ་དུབ་རྣམ་པར་གྲོལ། །

དེ་ཡིན་ཡང་སྟོན་རླུང་ལྡང་ཙ་ན། །

སྒེག་འཕྱོར་བའི་རྣམ་པ་ཉམས་བྱེད་ཅིང་། །

མདངས་ཡོལ་བཞིན་ཕྱོགས་བཞིར་འཕུར་བར་བྱེད། །

གཤིས་མི་རྟག་བསམས་ན་ཡིད་རེ་མུག །



  • ལེ་ཚན་སྔོན་མ།:རྣམ་རྟོག་གི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།