ཁྲི་ཤོར་རྒྱལ་མོ་མཇལ་བྱུང་།

ནམ་ཤེས།        2022-07-20

ཚན་རྩལ་གྱི་འགྱུ་བག་གློག་ལྟར་མྱུར་བའི་རྐྱེན་པས་ཁྲི་ཤོར་རྒྱལ་མོ་མཇལ་བྱུང་།

ཁྲི་ཤོར་རྒྱལ་མོ་བརྙན་ལམ་ནས་མཇལ་བྱུང་། ཁྲི་ཤོར་རྒྱལ་མོ་གཡའ་དག་པའི་ནམ་མཁའ་བཞིན་མངོན་བྱུང་། ཁྲི་ཤོར་རྒྱལ་མོ་རིན་ཆེན་གྱི་གཡུ་རྡོ་བཞིན་མངོན་བྱུང་། མཚར་སྡུག་སྟོང་གིས་བཞད་པའི་ཁྲི་ཤོར་རྒྱལ་མོ་དེ་རིང་བདག་གིས་མཇལ་བྱུང་།

ང་དང་ཁྲི་ཤོར་རྒྱལ་མོའི་བར་ལ་ལེ་དབར་སྟོང་གིས་ཆོད་ནའང་།ཁྲི་ཤོར་རྒྱལ་མོ་ནི་བདག་གི་མིག་མདུན་དུ་འཁྱིལ་ཡོད་པའི་ཚོར་སྣང་གིས།

ཁྲི་ཤོར་རྒྱལ་མོའི་དབྱིངས་སུ་འཕུར་བའི་བྱ་ཁྱུ་དེ་དག་གཤོག་སྒྲ་དིར་དིར་གྱིས་ང་ཡི་མཁའ་དབྱིངས་སུ་འཕུར་གྱིན་འདུག་ཨང་། མཚོ་རླུང་དལ་ཙམ་ལྡང་དུས་གཉེར་རིས་ཁྲི་ཕྲག་བབས་པའི་མཚོ་མོ། ངས་ཁྱེད་ཀྱི་མཚན་ལ་བླ་མཚོ་ཟེར་འབོད་ཀྱིན་ཡོད། ཁྱེད་ནི་སྲིད་པ་འདིར་ཡོངས་སུ་གྲགས་པའི་མཚོ་ཆེན་ཞིག་སྟེ། ཤར་གྱི་ཕྱོགས་སུ་ཨ་མ་ཟོར་དགུ། ལྷོ་ཡི་ཕྱོགས་སུ་བློན་པོ་གསེར་ཆེན། ནུབ་ཀྱི་ཕྱོགས་སུ་བྲག་དཀར་ཐེམ་ཆེན། བྱང་གི་ཕྱོགས་སུ་རྐང་ཚའི་རྫ་དམར་ཞེས་པའི་བཀོད་པ་ཕུན་སུམ་ཚོགས་པ་འདིས་བདག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་། ཁྲི་ཤོར་རྒྱལ་མོ་བརྙན་ལམ་ནས་མཐོང་དུས།མཚོ་མོའི་ཉེ་ཕྱོགས་ཀྱི་རྟ་ནོར་ལུག་གསུམ་དང་། ཤྭ་གནའ་རྒོ་གསུམ་སོགས་ཀྱིས་མཚོན་པའི་སྐྱེ་འགྲོ་རྣམས་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་།

ངས་ལོ་རྒྱུས་ཀྱི་ནང་དུ་བཤད་པའི་མཚོའི་མཐའ་སྐོར་གྱི་རིང་ཚད་སྤྱི་ལེ་སུམ་བརྒྱ་དྲུག་ཅུ་ཙམ་དང་། ཤར་ནས་ནུབ་བར་གྱི་རིང་ཚད་སྤྱི་ལེ་བརྒྱ་ཙམ།ལྷོ་ནས་བྱང་བར་གྱི་ཞེང་ཚད་སྤྱི་ལེ་དྲུག་ཅུ་ཙམ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་གསུམ། གཏིང་ཚད་རིང་ཤོས་ལ་སྤྱི་ཁྲེ་སུམ་ཅུ་སོ་གཉིས་དང་གྲངས་ཆུང་བརྒྱད། མཚོ་ངོས་ཀྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་སུམ་སྟོང་བརྒྱ་དང་དགུ་བཅུ་གོ་ལྔ་ཞེས་བཤད་པ་ལ་ཡིད་རྟོན་ཏིལ་ཙམ་བྱེད་སྙིང་མི་འདོད། ངས་ཁྱེད་ཀྱི་ཟབ་ཚད་དང་རྒྱ་ཁྱོན་ལ་ཚད་རིས་ཤིག་ལར་ནས་རྒྱག་འདོད་མི་འདུག་སྟེ། ཁྱེད་ནི་ནམ་ཞར་མཐའ་དང་ཕྱོགས་ལྷུང་བྲལ་བའི་མཛེས་དཔལ་ཞིག་ཏུ་རློམ་གྱིན་ཡོད། ཁྲི་ཤོར་རྒྱལ་མོ་ཁྱེད་ཀྱི་བྱིན་རླབས་ཀྱི་ཚན་ཁས་གསོས་པའི་མགྲིན་བཟང་གི་སྐྱེ་འགྲོ་འདི་དག ། ང་དང་རིགས་མཐུན་ཡིན་པས་ངས་ཁྱེད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

ཁྲི་ཤོར་རྒྱལ་མོ་ཁྱེད་ཀྱིས་སྐྱེ་བ་འདིར་བདག་ལ་སྙན་ངག་གི་ནུས་མཐུ་སྩོལ་དང་།བདག་གིས་ཕུང་པོ་སོང་ཚོད་ཀྱི་རྐང་རྗེས་བྲག་ཏུ་རྐོ་ན་ཆོག་ལགས།

ཁྲི་ཤོར་རྒྱལ་མོ་ཁྱེད་ཀྱིས་མི་ཕྱེད་པའི་དད་པས་སྐྱོར་བའི་བདག་ལ་མཛའ་བརྩེའི་ཕྱི་ཐག་རིང་དུ་སྲིངས་དང་ང་རང་སྐྱེ་བ་ཕྱི་མར་ཁྱེད་ཀྱི་ངང་དཀར་ཞིག་གི་སྐྱེ་བ་བླངས་ཏེ་ཁྱེད་ཀྱི་དབྱར་དགུན་རྟག་ཏུ་དྲན་ཆོག །



  • ལེ་ཚན་སྔོན་མ།:འབྲོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།