སྨུག་སྤྲིན་ཀློང་གི་མེ་ཏོག

    འོད་ཟེར་དགུ་བ།    2022-07-29

སྨུག་སྤྲིན་ལང་ལོང་འོག་གི །

ཆར་པ་ཟམ་ཟིམ་ཁྲོད་ཀྱི །

གཟི་མདངས་རབ་ཏུ་རྒྱས་པ།།

ཤོམ་ལྭ་ལྗང་གུ་གསོལ་བ།།

ཟིལ་པ་མགུལ་རྒྱན་བྱས་པ།།

དྲི་བཞོན་ཕྱོགས་ནས་ལྡང་བས།།

མཆུ་སྒྲོས་འདབ་མ་གཡོ་བ།།

ཁྲ་ཆུང་ཟེའུ་འབྲུ་ལྡེམ་ལྡེམ།།

རི་ཆུ་ནགས་གསུམ་སྒང་ནས།།

འཆོར་སྒེག་ཉམས་ཀྱིས་འགྱིང་པ།།

ས་འཛིན་དབང་པོའི་སྲས་མོ།།

ཞབས་སུ་བཅགས་པ་ཡིན་ན།།

མི་དགྱེས་སུ་ཞིག་ཡོད་དེ།།

དབྱར་གསུམ་བཞུགས་པའི་རིང་ལ།།

བཀུར་བསྟི་སུས་ཀྱང་བྱེད་དོ།།

སེམས་ཐག་ཉེ་བར་གཅར་གཅར།།

བར་སྣང་ཤོང་ཚད་མ་རེད།།

མིག་གི་མཚོ་མོ་འཁྱིལ་འཁྱིལ།།

འཇིན་རྟེན་ཆུ་ཡིས་བསྣུབ་འགྲོ །

ལྷ་དང་ལྷ་མོས་མཐོང་བས།།

རང་ཉིད་སྐྱེངས་པར་གྱུར་ཏེ།།

རྒྱང་རིང་ཕྱོགས་སུ་བྲོས་སོང་།།

སྐྱེ་དངོས་ཁག་དང་ཁག་ཅིག །

དེ་ལ་མ་རངས་བྱུང་བས།།

ཡང་ཡང་འགྲན་པའི་ཟོལ་གྱིས།།

གར་སྟབས་སྣ་ཚོགས་བསྒྱུར་བས།།

དབྱར་ཁ་མཛེས་སྡུག་ལྡན་ནོ།།



  • ལེ་ཚན་སྔོན་མ།:རྟེན་འབྱུང་སྒྱུ་མའི་མགྲིན་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།