ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།

ཉུལ་པོ།        2022-07-25

སྐུ་མཐོང་གྲོལ་གྱི་མཚན་དཔེ་གསར་རྫོགས། །

གསུང་ཐོས་གྲོལ་གྱི་ཡོན་ཏན་ཀུན་མངའ། །

ཐུགས་དྲན་གྲོལ་གྱི་བྱིན་རླབས་རང་འཁྱིལ། །

སྐྱབས་མཚུངས་མེད་ཀྱི་བླ་མ་མཁྱེན་ནོ། །

ལུང་རིགས་རྩལ་གྱི་གཤོག་ཟུང་ཐོགས་ནས། །

གནས་ལྔ་རིག་གི་གནམ་འཕང་བཅད་དེ། །

ལས་མཛད་པ་ཡིས་གླིང་བཞིར་ཁྱབ་པའི། །

སྔོན་བདེ་གཤེགས་ཀྱི་རྒྱལ་ཚབ་དངོས་མ། །

སྒོམ་ཉམས་ལེན་གྱི་རྟོགས་པ་མཐོ་བས། །

ཆོས་བདག་མེད་ཀྱི་རྒྱལ་སར་འཛེགས་ཏེ། །

ཐུགས་སྒྲིབ་བྲལ་གྱི་གོ་འཕང་བརྙེས་པའི། །

དུས་སྙིགས་མ་ཡི་སངས་རྒྱས་གཉིས་པ། །

ཆོས་ལུང་རྟོགས་ཀྱི་སྙིང་པོ་མ་ལུས། །

ལས་བཤད་སྒྲུབ་ཀྱིས་སྲིད་མཐར་སྤེལ་བའི། །

མགོན་ཐུབ་པ་ཡི་བསྟན་པའི་མེ་རོ། །

ཕྱོགས་མཐའ་མེད་དུ་སྦར་མཁན་ཁྱེད་ཡིན། །

ཚིག་འཇའ་རིས་ཀྱི་ལང་ཚོ་མ་དད་། །

དོན་ཡང་དག་གི་སྙིང་པོ་རྟོགས་པའི། །

གླིང་ཤར་ནུབ་ཀྱི་མཁས་པའི་གཙུག་རྒྱན། །

ལྷ་འཇམ་དཔལ་གྱི་རྣམ་སྤྲུལ་ཁྱེད་ཡིན། །

རྗེ་སེང་ཆེན་གྱི་མངའ་ཐང་སྲུང་མཁན། །

བློན་འདན་མ་ཡི་རྒྱུད་རབས་འཛིན་མི། །

ཤར་གླིང་དཀར་གྱི་གཅེས་ནོར་གཅིག་པུ། །

འདན་ལྷ་སྲས་ཀྱི་ཟློས་གར་ཁྱེད་ཡིན། །

ཕྱི་སྐུ་གསུམ་གྱི་མཚན་དཔེ་མཛེས་པ། །

བར་གསང་གསུམ་གྱི་ཡོན་ཏན་མང་བ། །

ནང་བསླབ་གསུམ་གྱི་ཁོ་ལག་རྒྱས་པ། །

ཡིད་དད་གསུམ་གྱི་འཁྲི་ས་ཁྱེད་ཡིན། །

རིགས་རུས་པ་ཡི་དཀར་ནག་མི་ཕྱེ། །

ཡུལ་དགྲ་གཉེན་ཕྱོགས་ལྷུང་མི་ཤེས། །

ཐུགས་འཇི༵གས་མེ༵ད་ཀྱིས་སྲིད་ཞི་སྐྱོང་བའི།།

དཔལ་ཕུ༵ན་ཚོ༵གས་ཀྱི་འབྱུ༵ང་གན༵ས་ཁྱེད་ཡིན། །

ཡིད་དང་བ་ཡི་ཁྲི་ལ་ཕེབས་ནས། །

ཕྱོགས་རིས་མེད་ཀྱི་མགོན་དུ་བཞུགས་པའི། །

མ་འགྲོ་དྲུག་གི་འདྲེན་པའི་དེད་དཔོན། །

ཚེ་འདི་ཕྱི་ཡི་སྐྱབས་གནས་ཁྱེད་ཡིན། །

སྐུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཙང་མར། །

ལས་སྐྱེ་འཆི་ཡི་སྤྲོས་པ་བྲལ་ཡང་། །

འཁོར་གདུལ་བྱ་ཡི་རྟག་འཛིན་བཟློག་ཕྱིར། །

ཡུལ་བདེ་ལྡན་དུ་གཤེགས་པ་སྔ་སོང་། །

ཚེ་སྔོན་བསགས་ཀྱི་བསོད་ནམས་ཆུང་བས། །

ཞལ་ཟླ་གཞོན་གྱི་འཛུམ་དཀར་མ་མཐོང་། །

གནས་དག་པ་ཡི་བདེ་ཆེན་ཞིང་ནས། །

ལས་སྨོན་ལམ་གྱིས་མཇལ་སྐལ་བསྒུག་ཡོད། །

ལས་ངན་པ་ཡི་རིགས་དྲུག་འགྲོ་རྣམས། །

སྡུག་ཆེ་བ་འདི་འཁོར་བའི་གཤིས་རེད། །

ཚེ་འདི་ཀོ་ཡི་སྣང་བ་ནུབ་དུས། །

མགོན་མཚུངས་མེད་ཀྱི་དྲུང་དུ་ཁོད་ཅིག །



  • ལེ་ཚན་སྔོན་མ།:རྒྱ་ཕིབས་འོག་ནས་ཨ་ཕ་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།