ཚོར་བའི་སྣང་བརྙན།

ཙ་ཡུས་བཟོད་པ།        2022-07-22

མནོ་བསམ་ཡང་ཡང་བདར་བཞིན་ཕྱི་རོལ་གྱི་སྣང་ཞེན།།

མཐོང་སྣང་ལམ་ལ་འགོད་པའི་འདུན་པ་རེ་ཤར་ཏེ།།

བཟང་ངན་གང་ཞིག་མཆིས་ན་གནོང་འགྱོད་དེ་མི་འདུག།

སེམས་ཐོག་གོར་མོ་རྡོ་ཡི་རང་གཤིས་དེ་མངོན་ཡོད།།

མངོན་ན་བཟང་བཟང་འདྲ་བའི་གཤིས་ཀ་རེ་མཆིས་མོད་།།

དོན་གྱིས་རྟོགས་ན་གཡོ་སྦྱོར་གཤའ་མ་དེ་མངའ་བས།།

གཤིས་ལུགས་འདི་ལ་ཞེད་སྣང་ངོ་མ་རེ་ཐོན་རུང་།།

སོར་བཞག་བཏང་སྙོམས་ངང་གིས་བཟོ་ལྟ་དེ་མཚར་ཡོང་།།

རང་ཉིད་ཡིན་མདོག་སྣང་བཞིན་སྟོང་བཤད་རེ་འདུག་མོད།།

གཞན་སེམས་ཚུར་ལ་འགུག་པའི་ཐབས་ཤེས་དེ་འདོད་ཀྱང་།།

བྱིས་པའི་རོལ་རྩེད་ལྟ་བུའི་མཚར་སྣང་རེ་འདུག་སྐད།།

རང་སྣང་ཉོབ་པ་ཡིན་པའི་ཆ་བྱད་དེ་བསྟན་ཡོད།།

ཚུལ་འཆོས་ཀློང་ནས་འཁོར་ལོ་བར་མེད་དུ་བསྐོར་ཀྱང་།།

རང་བཞིན་དམར་རྗེན་བཏང་བའི་རྒྱུ་ངེས་ལས་མ་འདས།།

དབྱེ་འབྱེད་བློ་མིག་ལྡོང་བའི་ངང་ཚུལ་དེ་སྟོན་བཞིན།།

རང་རློམ་ངང་ན་ཟད་པའི་བྱེད་ལས་དེ་མངོན་ཡོང་།།

གསུང་ཆོས་གསེར་ནག་འདྲ་བོ་སེམས་སྟེང་ལ་མ་སྦྱར།།

མི་ཆོས་གཙང་མར་མི་མཐུན་ཚད་བརྒལ་གྱི་བྱ་སྤྱོད།།

སྣང་དོགས་ཡེ་ནས་བྲལ་བཞིན་སྤེལ་བ་དེ་མང་བ།།

འདི་འདྲའི་གནས་སྟངས་སྐྱོ་བོ་ཀུན་ལ་རུང་བཤམས་མ།།

ངའོ་སྙམ་པའི་ཁེངས་ངྲེགས་རི་རབ་ལས་མཐོ་ཞིང་།།

རང་སེམས་སྟེང་ལ་བསམ་གཞིག་བཏང་བ་རུང་དབེན་ཚུལ།།

མངོན་གྱུར་སྡེ་ལ་བཏབ་པའི་ཚུལ་མིན་གྱི་འགྲོ་ལུགས།།

བློ་ལྷད་འཁྲུལ་སྣང་ཀློང་ན་འཕྱན་པ་དེ་དགོད་བྲོ།།

ཁྲེལ་གཞུང་རྩ་བ་བོར་བའི་རྔམ་སེམས་དེ་རྒོད་སོང་།།

ད་དུང་གཞན་ཕན་ཟེར་བཞིན་ཤོབ་རྒན་རེ་ལབ་སྟེ།།

རང་གིས་མི་ཐེག་ཁུར་ཆེན་འཁུར་འདོད་དེ་སྙམ་ན།།

གཟིག་སྤགས་བཀབ་པའི་བོང་བུ་སྐྱ་གསོབ་དང་འདྲ་ལེ།།

ཅི་ཡང་མི་ཚོར་སྙམ་པའི་འཁྲུལ་སྣང་གིས་གཏིབས་བཞིན།།

གྱ་ཚོམ་མེད་པར་རང་སྣང་གང་ཤར་དུ་བསྒྲུབས་ཏེ།།

མི་ཤེས་གཅིག་ཀྱང་མེད་པའི་གཡོ་འཁྲབ་དེའི་འོག་ན།།

རང་གི་འཇོན་ནུས་ཡིན་ཞེས་སྨྱོ་རྟགས་དེ་མིག་མཐོང་།།

དམ་པའི་ལྷ་ཆོས་ཟེར་བའི་དགོངས་དོན་དེ་དཀའ་མོད།།

ཡིན་ཡང་བདེན་པ་ཞེས་པའི་འགྲོ་སྟངས་རེ་འདུག་སྐད།།

གང་ལ་མ་འགལ་གསོང་བོའི་ལམ་ག་དེ་མཆིས་ན།།

ནོར་འཛོལ་ལམ་ན་གནས་པའི་བྱེད་ལས་དེ་མངོན་སུམ།།

རིག་གཞུང་ཐོས་བསམ་མ་བྱས་རྟོགས་མཐོ་རེ་འདུག་མོད།།

མངོན་ཤེས་ལྷུག་ལྷུག་བཤད་པའི་ལྗགས་རྩལ་དེ་མངའ་བར།།

འདས་མ་ད་གསུམ་ལྡབ་ལྡིབ་དོད་པོ་རེ་བརྗོད་དེ།།

ཐུན་མོང་སྣང་ཚུལ་བྱ་བའི་འགྲོ་ཉམས་དེ་བོར་འདུག།

རང་ཉིད་ངོ་སོ་སྲུང་སླད་བཅོས་འཛུམ་དེ་བྱང་འདུག།

གམ་ཡོ་ཡོད་ན་གཅམ་ཚིག་གྲངས་མེད་རེ་བསྙད་དེ།།

འོག་འགྱུ་རྐྱང་རྐྱང་ཁམས་ན་ཉིན་ཞག་དེ་ཕུད་བཞིན།།

བྱིས་བློའི་ཀློང་ན་རྩེན་པའི་སྣང་བརྙན་དེ་མཚར་རོ།།

སྐད་ཅིག་ངང་དུ་དོན་དག་འཁྱོངས་ཐབས་རེ་བྱས་ཏེ།།

ཕུགས་ལ་གཏད་སོ་བྲལ་བའི་གཞི་མེད་ཀྱི་སྤྱོད་པ།།

གཟོད་ནས་དམར་རྗེན་ཕུད་ན་ངོ་གནོང་དེ་མི་འདུག།

སྤྲེའུ་ཟློས་གར་ལྟ་བུའི་རོལ་རྩེད་ལས་མ་འདས།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དགོན་སྡེའི་བཟའ་བཅའ་ཉེན་མེད་གསོ་སྦྱོང་དར་མདོར་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།