གཅན་ཚ་བཀྲ་བྷོས་བརྩམས། 2022-07-22
གཅིག། རླུང་གི་རྒྱུ་ཕྱོགས་ལྟར་གྱི་གནམ་གཤིས་བརྟག་ཚུལ།
དེ་ཡང་རླུང་གི་རྒྱུ་ཕྱོགས་ལྟར་ན་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་སོ་སོར་བརྟག་ཐབས་འདྲ་མིན་སྣ་ཚོགས་ཡོད་པ་སྟེ། དབྱར་ཁའི་དུས་སུ་ཞོགས་པར་རླུང་བུ་བྱང་ལ་ལྡང་ན་ཉིན་དེར་ཆར་བ་འབབ་པའི་རྟགས་སུ་བཤད་ལ། དེ་ལས་ལྡོག་སྟེ་ཞོགས་པར་རླུང་བུ་ལྷོ་ལ་ལྡང་ན་ཉིན་དེར་གནམ་ངོ་ཐང་བའི་རྟགས། དེ་བཞིན་ཉིན་གང་བོར་རླུང་བུ་བྱང་ལ་ལྡང་ན་ཕྱི་ཉིན་ནས་ཉིན་འགར་ཆར་པ་འབབ་པའི་རྟགས་མཚན་ཡིན་ལ། དེ་ལས་ལྡོག་སྟེ་རླུང་བུ་ཉིན་གང་བོར་ལྷོ་རུ་ལྡང་ན་ཕྱི་ཉིན་ནས་ཉིན་འགར་གནམ་ངོ་ཐང་བའི་རྟགས་སུ་བཤད། ཡང་། དགོང་ནུབ་རླུང་ཕྱི་ཉིན་ཆར་རྟགས་དང་།། དགུང་ཤར་རླུང་ཕྱི་ཉིན་ཐང་རྟགས་ཡིན།། ཞེས་དང་ད་དུང་། ལྷོ་རླུང་ནག་པོ་ཆུ་ཁྲིད་དེ།། ཆར་དེ་རིང་མི་འབབ་པ་སང་ཉིན་འབབ།། འབབ་ཞོད་ཆེ་བ་གནངས་ཉིན་ཡིན། ཞེས་པ་ལྟར་རོ།།
དེ་ཡང་དགུན་གྱི་བརྟག་ཚུལ་ཕལ་ཆེར་གོང་དང་མཚུངས་པ་སྟེ། ཞོགས་པར་རླུང་བུ་བྱང་ལ་ལྡང་ན་ཉིན་དེར་ཁ་བ་འབབ་པའམ་ཡང་ན་རླུང་ཆེན་གཡུགས་པའི་རྟགས་སུ་བཤད་ལ། དེ་ལས་ལྡོག་སྟེ་ཞོགས་པར་རླུང་བུ་ལྷོ་ལ་ལྡང་ན་ཉིན་དེར་གནམ་ངོ་ཐང་ཞིང་ཉི་མ་དྲོ་བའི་རྟགས་སུ་བཤད། དེ་བཞིན་ཉིན་གང་བོར་རླུང་བུ་བྱང་ལ་ལྡང་ན་ཕྱི་ཉིན་ཁ་བ་འབབ་པའམ་ཡང་ན་ཉིན་འགར་རླུང་ཆེན་གཡུགས་པའི་རྟགས་མཚན་ཡིན་ལ། དེ་ལས་ལྡོག་སྟེ་རླུང་བུ་ཉིན་གང་བོར་ལྷོ་རུ་ལྡང་ན་ཕྱི་ཉིན་ནས་ཉིན་འགར་གནམ་ངོ་ཐང་ཞིང་ཉི་མ་དྲོ་བའི་རྟགས་སུ་བཤད། འདིར་ཡང་།དགོང་ནུབ་རླུང་ཕྱི་ཉིན་འབབ་རྟགས་དང་།། དགུང་ཤར་རླུང་ཕྱི་ཉིན་ཐང་རྟགས་ཡིན། ། ཞེས་པའོ།། དེ་བཞིན་སྟོན་གྱི་དུས་སུ་ཞོགས་པར་རླུང་བུ་བྱང་ལ་ལྡང་ན་ཉིན་དེར་ནམ་ཟླ་འཁྱག་པའམ་ཁ་ཆར་འདྲེས་མ་འབབ་པའི་རྟགས་སུ་བཤད་ལ། དེ་ལས་ལྡོག་སྟེ་ཞོགས་པར་རླུང་བུ་ལྷོ་ལ་ལྡང་ན་ཉིན་དེར་གནམ་ངོ་ཐང་ཞིང་ཉི་མ་དྲོ་བའི་རྟགས་སུ་བཤད། དེ་བཞིན་ཉིན་གང་བོར་རླུང་བུ་བྱང་ལ་ལྡང་ན་ཕྱི་ཉིན་ནས་ཉིན་འགར་ནམ་ཟླ་འཁྱག་པའམ་ཁ་ཆར་འདྲེས་མ་འབབ་པའི་རྟགས་མཚན་ཡིན་ལ། དེ་ལས་ལྡོག་ན་ཕྱི་ཉིན་ནས་ཉིན་འགར་གནམ་ངོ་ཐང་ཞིང་ཉི་མ་དྲོ་བའི་རྟགས་སུ་བཤད་པ་དང་། དེ་བཞིན་རླུང་ལ་བརྟེན་པའི་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་གཤིས་བརྟག་ཚུལ་ཕལ་ཆེར་འདྲ་ཡང་། དཔྱིད་ཀར་ད་དུང་དཔྱིད་སོས་ར་བ་བཞི་སྟེ། དཔྱིད་ཀ་དང་སོས་ཀའི་ཟླ་ངོ་བཞིའི་རིང་ལ་རླུང་བུ་མང་ཙམ་ལྡང་ན་ལོ་དེའི་དབྱར་ལ་ཆར་ཆུ་དཀོན་པ་སོགས་ཐན་སྐྱོན་འབྱུང་བའི་ལྟས་སུ་བཤད་པ་སོགས་གནམ་གཤིས་དྲོ་གྲང་དང་ཁ་ཆར་རླུང་ལྡང་སོགས་ཀྱི་གནས་ཚུལ་དེ་དག་གི་དོན་རྟོགས་ཤིང་ལག་ལེན་དུ་བསྟར་རྒྱུ་ནི་ཞིང་འབྲོག་ཐོན་སྐྱེད་པ་ཞིག་གི་འཚོ་གནས་ཀྱི་ཤེས་བྱ་རེད།
གཉིས། སྤྲིན་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ།
དབྱར་ཁ་སྤྲིན་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ་གྱི་ཐད་དུ། དགུང་ཕྱི་དྲོའི་སྤྲིན་དམར་མེ་ཡིན།། ནངས་སྔ་མོའི་སྤྲིན་དམར་ཆུ་ཡིན།། ཞེས་དང་། བྱང་སྤྲིན་ལྷོ་ལ་སོང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར།། ལྷོ་སྤྲིན་བྱང་ལ་སོང་ན་བྱང་གི་རྒྱ་མཚོ་ཆེན་མོ་དགུང་དུ་འཕྱུར།། ཞེས་དང་། སྤྲིན་དཀར་པོ་བྱང་ལ་མ་སོང་ན།། དུང་དཀར་པོ་བུས་དང་མ་བུས་མེད།། ཞེས་དང་། སྤྲིན་རྟ་རྨུགས་ཆད་པ་ཡིན་དུས་འབབ་པའི་རྟགས་དང་། སྤྲིན་ལྟོ་ཚིལ་ཆགས་ཆགས་ཡིན་དུས་ཐང་རྟགས་ཡིན། ཞེས་བཤད་སྲོལ་ཡོད་པ་དང་། དེ་མིན་དགུན་དཔྱིད་སོགས་ཕལ་ཆེར་གོང་དང་འདྲ་བར་བཤད་ལ། སྟོན་གྱི་དུས་སུ་ཅུང་མི་འདྲ་བ་ཞིག་ཡོད་པ་ནི། སྔ་ཉིན་ཉིན་གང་སྤྲིན་པ་ལྷོ་ལ་འཚངས་ན་ཕྱི་ཉིན་གནམ་ངོ་ཐང་རྟགས་དང་། སྤྲིན་པ་བྱང་ལ་འཚངས་ན་གནམ་ངོ་རུབ་སྟེ་ཁངས་ཆར་འདྲེས་མ་འབབ་པའི་རྟགས། ཞེས་དང་། ད་དུང་སྤྲིན་གྱི་ཆགས་སྟངས་ལ་བལྟས་ཏེ་བརྟག་པའི་ཚུལ་ཡང་ཡོད་པ་སྟེ། དབྱར་དུས་ན་བུན་དཀར་པོ་རིམ་པ་གཉིས་གསུམ་གྱིས་རི་སྐེད་བཅིངས་ན་ཆར་ཆེན་འབབ་རྟགས་དང་། ནམ་ལངས་དང་ཉི་ཤར་གྱི་དུས་སུ་ཤར་ཕྱོགས་ནས་སྤྲིན་དམར་པོ་ཐག་དམར་འཐེན་པ་དང་འདྲ་བ་ནུབ་ཏུ་འཚངས་ན། དཀར་ཕྱོགས་ལྷ་ཡི་ཆར་ཞེས་མྱུར་དུ་ཆར་འབབ་པར་བཤད་ལ། ཤར་ལྷོའི་མཁའ་ལ་པད་འདབ་བརྩེགས་འདྲའི་སྤྲིན་པ་བར་གསེང་མེད་པར་སྦྲེལ་མར་ཆགས་ན་ཉིན་ཞག་གཉིས་ལ་ཆར་བ་འབབ་པའི་རྟགས་དང་། ཤར་ཕྱོགས་ཀྱི་ནམ་མཁར་སྤྲིན་པ་ལུག་གི་ལྟོ་ཚིལ་ཆགས་པ་ལྟར་བརྩེགས་པ་བྱུང་ན་ཕྱི་ཉིན་ཆར་བ་འབབ་པའི་རྟགས་དང་། ཉི་ཤར་གྱི་མཚམས་སུ་ཕྱེ་ལེབ་ཀྱི་གཤོག་པ་བརྐྱངས་འདྲའི་འཇའ་སྤྲིན་སྙོམས་པོར་ཤར་ཕྱོགས་སུ་ཁེབས་ན་མི་འགྱངས་པར་ཆར་ཆེན་འབབ་པའོ།། གཞན་ཡང་སྤྲིན་ནག་གིས་བྱང་སྐར་སྤུན་བདུན་དང་། དགུ་ཚིགས་སྐྱ་མོ་བསྒྲིབས་ན་ཆར་བ་འབབ་པའི་རྟགས་སོ་ཞེས་སྤྲིན་ལ་བལྟས་ནས་གནམ་གཤིས་ཀྱི་བཤད་པ་མང་ངོ་།།
གསུམ། ཉི་ཟླ་དང་སྐར་མར་བལྟས་ནས་གནམ་གཤིས་བརྟག་ཚུལ།
འདིར་གཙོ་བོ་ཉི་ཟླའི་གུར་རམ་རྣ་ལུང་ལ་བལྟས་ནས་བཤད་པ་ཡིན་ཏེ། ཉི་མས་གུར་ཕུབ་ན་ཉིན་དེར་གནམ་ངོ་ཐང་རྟགས་དང་། ཟླ་བས་གུར་ཕུབ་ན་ཟླ་ངོ་གཅིག་ལ་ཐང་རྟགས་ཏེ། ཟླ་ཐང་རྒྱག་རྒྱུ་རེད་ཅེས་པ་དང་། སྟོན་རབས་ཆད་ཉི་མའི་ཕྱི་བལྟས་བལྟ།། ཁོང་སོ་ནམ་བགྲེས་པོའི་ཟོར་བ་རྡོར།། སོས་རབས་ཆད་ཉི་མའི་ཕྱི་བལྟས་བལྟ།། ཁོང་ལུག་རྫི་བགྲེས་པོས་གངས་ས་འཚོལ།། ཞེས་པ་དང་། སྐར་མ་སྨིན་དྲུག་ལ་བལྟས་ནས་བརྟག་ཚུལ་ནི། སྐར་མ་སྨིན་དྲུག་ལྷོ་རུ་བྱུང་ན་ཐན་སྐྱོན་དང་མུ་རྟགས་འབྱུང་རྟགས་སུ་བཤད་ལ། བྱང་དུ་བྱུང་ན་ལོ་ལེགས་འབྱུང་བ་སོགས་ལྟས་བཟང་དུ་བཤད་ལ། སྤྱིར་སྐར་མ་སྨིན་དྲུག་ནི་སྐར་མ་གཞན་དང་མི་མཚུངས་པར་དུས་ཚིགས་བཞི་ལས་དགུན་ཁ་གཅིག་པུ་སྟེ་དགུན་ཟླ་བཅུ་བ་ནས་དཔྱིད་ཟླ་གསུམ་པའི་ཚེས་ཉེར་དགུ་ནས་སྨིན་དྲུག་བུད་སོང་བའི་བཤད་ཚུལ་དང་། དེ་མིན་ད་དུང་སྨིན་དྲུག་འགྲོ་བའི་དུས་སུ་ཁ་བ་ཆེན་པོ་ཞིག་འབབ་པར་སྨིན་དྲུག་འགྲོ་བའི་དུས་ཞེས་དང་། དེ་ནས་ཉིན་འགའི་རྗེས་སུ་ཁུ་བྱུག་ཤིང་བཅག་ཅེས་པའི་ཁ་བ་ཆེན་པོ་ཞིག་འབབ་ཅིང་ཁུ་བྱུག་སླེབས་པའི་ལྟས་སུའང་བཤད་ཚུལ་ཡོད་དོ།།
བཞི། ཁངས་ཆར་གྱི་འབབ་སྟངས་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།
དགུན་ཁའི་ཁ་བ་འབབ་ཚུལ་ལྟར་བརྟག་ན། བེའུ་གཏོང་ཁ་བབས་ན་བེའུ་ཐག་མི་མནོན། རྟ་འདོགས་ཁ་བབས་ན་རྟ་ཕུར་མི་རིག། ཞེས་པ་དང་། སྟོན་དཔྱིད་གཉིས་ཀྱི་དུས་འགོར་ཚུགས་པའི་ཁ་ཆར་ལའང་། དཔྱིད་ཆུ་འཕང་གི་སྣ་ཁྲིད་ན་མ་མོ་ཇོ་མོའི་སུག་སྤུ་མི་ལྷུང་། སྟོན་ཆུ་འཕང་གི་སྣ་ཁྲིད་ན་ཤ་བ་དཀར་པོའི་རྭ་མི་རིག་ཅེས་པ་ལྟ་བུའི་བརྟག་ཚུལ་ཡོད་ལ། དབྱར་ཁའི་སྨུག་པའི་སྐོར་ནས། སྔ་དྲོ་སྨུག་ནག་ཐང་ལ་ལྷུང་ན། ཕྱི་དྲོ་ཆར་ནག་ཙད་ཀྱིས་སྐེམ།། ཞེས་པ་དང་། འབྲུག་གི་སྐད་སོགས་ལ་བརྟག་ན། དབྱར་ཁར་གནམ་ངོ་རུབ་སྟེ། ཆར་བ་འབབ་པའམ་སྤྲིན་ནག་གི་རྔམ་ཁ་འཐུག་པོར་ཆགས་ཏེ། འབྲུག་གྲགས་ནས་ཆར་འབབ་པའི་སྐབས་སུ་བྱང་ཕྱོགས་ནས་གནམ་ངོ་ཡར་བཀྱགས་ཏེ་སྔོ་ར་སྦྲ་འགྲམ་ཙམ་ཞིག་ཕྱེ་བ་ན། ལྷོ་ཕྱོགས་ནས་གནམ་ངོ་ཅི་ཙམ་རུབ་སྟེ་འབྲུག་གིས་ངར་སྐད་ཅི་ལྟར་སྒྲོག་ཀྱང་ཆར་བ་མི་འབབ་པར་གནམ་ངོ་ཐང་རྒྱུ་ཡིན་པའི་རྟགས་སུ་བཤད་པ་ལྟ་བུའོ།།
ལྔ། སྲོག་ཆགས་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ།
དེ་ཡང་སྤྱིར་བཏང་དུ་བྱ་རོག་གི་ཚང་ལུང་མདོར་ཡོད་ན་དབྱར་ཆར་ཞོད་ཆེ་རྟགས་དང་། ལུང་ཕུ་ན་ཡོད་ན་ཆུང་རྟགས་ཡིན་ལ།སྟོན་དཔྱིད་དུ་ཁྲུང་ཁྲུང་ལྷོ་དང་བྱང་དུ་འཕུར་ན་ཁ་ཆར་འབབ་པའི་རྟགས་དང་། དགུན་དུས་སུ་བྱ་སྐྱ་ཀས་ལོག་སྐད་འབྱིན་ན་ཁ་བ་ཡུན་རིང་འབབ་པ་དང་། ཚག་སྐད་སྒྲོག་པ་དང་ཁོག་སྐད་འབྱིན་ན་རླུང་ཆེན་གཡུག་རྟགས་ཡིན། ཁུ་བྱུག་སྔོན་མོ་བྲག་རྩེ་དང་ནགས་གསེབ་ཏུ་མང་དུ་གྲགས་ན་ལོ་དེར་ཁ་ཆར་མོད་པའི་རྟགས་དང་། རི་འདབས་དང་ཐང་གཞོང་དུ་གྲགས་ན་ཁ་ཆར་ཉུང་ཞིང་ཐན་པ་འབྱུང་རྟགས་སུ་མངོན་ལ་སྤྱི་ཆ་ནས་ཁུ་བྱུག་ལ་སྨྲ་བ་ཉུང་ན་ཐན་པ་འབྱུང་ལྟས་སུ་བཤད་པའོ།།
གཞན་ཡང་འདབ་ཆགས་ལ་བལྟས་ཏེ་སོ་ནམ་པའི་ཞིང་འདེབས་ཀྱི་དུས་ལ་བརྟག་ཚུལ་ནི། བྱེའུ་ཅོ་ཀས་སྐད་འབྱིན་པ་དང་། བྱེའུ་པང་སྐྱུར་སླེབས་པ་ན་ཞིང་སྔ་འདེབས་སྔ་མ་རན་པ་དང་། བྱ་པུ་ཤུད་ཐོན་པ་དང་འཕྱི་བ་མལ་ལས་ལངས་པ་ན་ཞིང་སྔ་འདེབས་ཕྱི་མ་རན་པ་ཡིན། བྱ་པུ་ཤུད་ཀྱིས་སྐད་འབྱིན་དུས་སུ་ཞིང་བར་འདེབས་སྔ་མ་རན་པ་དང་། བྱ་ལུག་རྫི་བུ་མོ་སླེབས་དུས་སུ་ཞིང་བར་འདེབས་ཕྱི་མ་རན་པ་ཡིན། བྱ་ཁུག་རྟ་སླེབས་དུས་སུ་ཞིང་ཕྱི་འདེབས་སྔ་མ་རན་པ་ཡིན་པ་དང་། བྱ་ཁུ་བྱུག་སླེབས་དུས་སུ་དབྱར་འགོ་ཚུགས་པ་ཡིན་པས་ཞིང་འདེབས་ཀྱི་ལས་ཚགས་སུ་ཆུད་དགོས་པ་ལྟ་བུའོ།།
ད་དུང་བརྟག་ཚུལ་ལ། ཨ་བྲས་གཟན་རྩྭ་མང་པོ་གསོག་ཉར་བྱེད་པ་དང་། འཕྱི་བ་སོགས་སྲོག་ཆགས་དགུན་ཉལ་ན་ཉལ་སྔ་བ་སོགས་བྱུང་ན་དགུན་དུས་གངས་སྐྱོན་འབྱུང་བར་ཡིན་པར་བཤད། སྤྱིར་ན་འདབ་ཆགས་བྱ་རིགས་དང་། སྲོག་ཆགས་མང་པོ་ཡུལ་གཞན་དུ་གནས་སྤོ་བའི་སྣང་ཚུལ་བྱུང་ན་ཞག་པོ་བདུན་གྱི་ནང་ཚུན་དུ་ཆར་བ་ཆེན་པོ་འབབ་རྟགས་དང་། སྦལ་བས་སྐད་ཆེར་འབྱིན་པ་དང་གྲོག་མ་མང་པོ་ཚང་སྒོར་ཐོན་ནས་བསྟར་ཕྲེང་གི་གཤར་བ་སོགས་བྱུང་ན་མི་འགྱངས་པར་དྲག་ཆར་འབབ་རྟགས་རེད་ཅེས་དང་། བྱ་སྐྱུང་མོ་ཁྱུ་འཕུར་དང་སྐད་སྒྲོག་པའི་ཐད་ནས་མདོ་ཚིག་ཅིག་ཡོད་པ་ནི། རྒྱ་བྱ་སྐྱུང་མོ་མཆུ་ནག་མ།། རླུང་བསེར་བུ་གཡུག་གི་སྔ་ལྟས་རེད།།ཅེས་པ་ལྟ་བུ་དང་། དེ་མིན་དབྱར་དགུན་གང་གི་སྐབས་སུ་སྒོ་ཟོག་གཡང་ཅན་དང་སྲུང་ཟོག་གང་རུང་ཉིན་ལ་རི་མགོར་རྩྭ་བཟའ་རུ་མི་འགྲོ་བར་རི་ལ་དེད་ན་འཕྲལ་དུ་ཕྱིར་ལྷས་ར་དང་། རུ་འདབས་སོགས་སུ་འོང་ནས་འབའ་བ་ངུར་བ་སོགས་བྱེད་ན། ཉིན་དེར་ཁ་ཆར་གྱི་གོད་ཆག་ཅིག་འབྱུང་བའི་རྟགས་སུ་བཤད་པ་དང་། སྦལ་བ་དང་ཙི་གུ་སོགས་སྲོགས་ཆགས་ཆུང་ངུ་ནམ་རྒྱུན་ས་ཁ་ན་འཚོ་བ་མ་ཡིན་པ་དག་ས་ཁར་འགྲོ་རྒྱུགས་བྱེད་པ་ན་མི་འགྱངས་པར་ས་ཆུ་མེ་རླུང་གི་རང་བྱུང་གནོད་པ་གང་རུང་ཞིག་འབྱུང་བའི་རྟགས་སུ་བཤད་པ་ལྟ་བུ་སོགས་སོ།།
དྲུག། འཇའ་ཚོན་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ།
དེ་ཡང་ཆར་བ་ཟ་ཟི་དང་འགྲོགས་ཏེ་འཇའ་ཤར་ན་མི་འགྱངས་པར་གནམ་ངོ་ཐང་རྟགས་དང་། ཆར་བ་ཉིན་འབབ་བྱས་ཀྱང་ཕྱི་དྲོའི་ཆ་ལ་འཇའ་གུར་ཆུང་ངུ་ཤར་ན། དེའི་མུར་གནམ་ཐང་བའི་རྟགས་དང་། ཆར་འབབ་ཉིན་གྱི་སྔ་དྲོའི་ཆ་ལ་འཇའ་གུར་ཆུང་ངུ་ཤར་ན་དེའི་མུར་ཆར་རླུང་གཡུག་པའི་རྟགས་དང་། ནམ་རྒྱུན་ཆར་བ་བབས་པའི་རྗེས་སུ་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་ཤར་ནས་སྣེ་མོ་སྤང་ལ་ཟུག་ན། ཆར་བས་སྤང་མ་བརྟོལ་བར་དུ་གནམ་ངོ་མི་ཐང་ཞེས་པ་དང་། འཇའ་སྣེ་ཆུ་བོའི་གཞུང་ལ་ཟུག་ན་ཆུ་བོ་མ་བསྐམས་ཀྱི་བར་དུ་ཆར་བ་མི་འབབ་པའོ།། ཞེས་པ་ལྟ་བུའི་གནམ་གཤིས་བརྟག་ཚུལ་ནི་བོད་གནའ་རབས་ཀྱི་འཚོ་བའི་ཉམས་མྱོང་དང་། དེངས་རབས་ཀྱི་རིག་གནས་སྙིང་སྟོབས་སུ་བགྲང་ཆོག་སྙམ་པའོ།།
རྩོམ་གསར། 10