གཏམ་རྒྱུད་ཅིག་གི་ལྷག་འཕྲོ།

གངས་ཐིགས།        2021-05-07

མངར་ལ་སྐྱུར་བའི་འཇིག་རྟེན་གྱི་འཚོ་བའི་སྦུབས་སུ་ལས་འབྲས་ཀྱིས་བཏབ་པའི་མེ་ཏོག་ཡུག་ཅིག། སྐྱིད་ལ་སྡུག་པའི་འཚོ་བའི་ཁ་དོག་ཏུ་འབུས་ཤིང་། གསོན་ན་རྙིད་པའི་ལས་ཀྱིས་བསྐོས་ཐང་དུ་འཁོར། འཛུམ་ལྷུག་ལྷུག་གི་ཟོལ་གྱིས་བདག་གི་གློ་སྙིང་བརྐུས་ཤིང་། དྲོད་ལམ་ལམ་གྱི་བརྩེ་བས་འཚོ་བའི་མལ་ཁུད་དུ་སིམ།

འདི་ནས་ཡར་བརྩིས་ཀྱི་ལོ་ངོ་ལྔ་ལྷག་འགོར་སོང་བའི་གཏམ་རྒྱུད་ཅིག་གི་བྱུང་རིམ་བདག་གི་གློ་སྙིང་དུ་སིམ་ཀྱང་། བདག་གི་ནང་སེམས་སུ་བསུབ་རྒྱུ་མེད་པའི་རི་མོ་ལྟར་བརྐོས་ཡོད། དེ་དུས། གཡུ་ཆུང་དང་ངེད་གཉིས་ལས་དབང་གི་རླུང་བུ་ཞིག་གིས་དེད་ནས་སློབ་གྲྭ་གཅིག་གི་ཁོར་ཡུག་ཏུ་འཛོམས་ཤིང་། ལྷག་ཏུ་འཛིན་གྲྭ་གཅིག་གི་ནང་ངོས་སུ་སྨོན་ལམ་འགྲིག དེ་དུས། ང་གཡུ་ཆུང་ལ་ཆ་རྒྱུས་མེད་ལ་གཡུ་ཆུང་གིས་ཀྱང་ང་ལ་ཆ་རྒྱུས་ཅུང་ཙམ་ཡང་མི་འདུག། རིམ་བཞིན་ལོ་ཕྱེད་ཙམ་འདས་དུས་གཡུ་ཆུང་དང་ངེད་གཉིས་ཀྱི་བར་ལ་ཆ་རྒྱུས་ཀྱང་ཆེན་པོ་བྱུང་། ནམ་རྒྱུན་རྩེད་མོའི་ཚུལ་དུ་ངེད་གཉིས་ཀྱི་ཕན་ཚུན་ལ་ཁ་བརྡ་དང་རྩེད་མོའང་མང་པོ་རྩེས་མྱོང་། དེ་ལྟར་ངེད་གཉིས་ཕན་ཚུན་ལ་ཇ་དང་འོ་མ་ལྟར་འདྲེས་ཤིང་། དུས་དེ་ནས་བཟུང་ང་གཡུ་ཆུང་ལ་ངོ་མ་ཅིག་དགའ་མྱོང་ལ། བདག་གི་ནང་སེམས་ཀྱི་རྩྭ་ཐང་དུ་གཡུ་ཆུང་གིས་ཚེམ་དཀར་གྱི་སོ་ཕྲེང་བསྟན་ནས་སླེབས། གཡུ་ཆུང་ཞེས་པ་ནི་ཁོ་མོའི་དངོས་མིང་དང་དྲྭ་མིང་གང་ཡང་མ་ཡིན་ཏེ། ངས་ཁོ་མོར་རྩོམ་ཡིག་ཅིག་འབྲི་དུས་གསང་མིང་དུ་བཏགས་པ་ཡིན།

དེ་ནས་རིམ་བཞིན་ལོ་ངོ་གཅིག་ཚར་ལ་ཉེ་དུས་སློབ་གྲྭས་ཀྱང་ལོ་གཅིག་གི་བྱ་བ་ཕྱོགས་ཡོངས་ནས་མཇུག་བསྒྲིལ་ནས་དགུན་གནང་གཏོང་བའི་དུས་ཚོད་ལ་ཁེལ། སློབ་གྲོགས་ཚང་མ་ཕ་ཡུལ་ལ་འགྲོ་བར་བྲེལ་ཞིང་། རང་རང་སོ་སོ་ནས་ཕ་ཡུལ་ལ་འགྲོ་བར་ལམ་དུ་ལངས། གཡུ་ཆུང་དང་ངེད་གཉིས་ཀྱང་ཕ་ཡུལ་དུ་ལོག་པར་གྲ་སྒྲིག་བྱས། དེ་ནས་སློབ་གྲྭས་དགུན་གནང་བྱིན་ཡང་། གཡུ་ཆུང་དང་ངེད་གཉིས་ཀྱང་རང་རང་གི་ཕ་ཡུལ་དུ་འགྲོ་བར་ལམ་ལ་ཆས་མགོ་བརྩམ། འདི་ལྟར་ངེད་ཀྱིས་ཕན་ཚུན་ལ་བདེ་མོ་བཞག་ནས་རང་རང་གི་ཕ་ཡུལ་དུ་ལམ་ལ་ཆས། ངེད་གཉིས་ཕྱིར་ཕ་ཡུལ་ཏུ་ལོག་ནས་རང་རང་སོ་སོ་ནས་དགུན་གནང་གི་དུས་ཚོད་དེ་བེད་སྤྱད་ནས་ཕ་ཡུལ་ནས་ཕ་མ་དང་མཉམ་དུ་སྐྱིད་སྐྱིད་བདེ་བདེ་འདྲ་བྱས་ནས་ལོ་གསར་བ་ཞིག་གི་མགོ་དགའ་བ་དང་སྤྲོ་བས་བསུས།

དེ་ནས་ལོ་གསར་བ་ཞིག་ཚེས་ནས་ཟླ་གཅིག་འགོར་ལ་ཉེ་དུས་ཡང་ཕྱིར་སློབ་གྲྭར་འགྲོ་བར་ཐོན་ལ་ཉེ་ཞིང་། ཡང་ཕྱིར་སློབ་གྲྭར་འགྲོ་བར་གྲ་སྒྲིག་བྱས་ནས། ཉིན་འགའ་འགོར་རྗེས་སློབ་གྲྭར་འགྲོ་རན་པའི་དུས་ལ་ཐོན། ཉིན་མོ་དེར། རང་གི་ཕ་མ་དང་ཕ་ཡུལ་ལ་བདེ་མོ་བཞག་ནས་ཕྱིར་སློབ་གྲྭར་ཆས། ང་ཚོའི་རྫོང་ཐོག་ཏུ་སོང་ནས་རླངས་འཁོར་ཞིག་ལ་བསྡད་ནས་སློབ་གྲྭར་སོང་། སློབ་རའི་རྒྱ་སྒོ་ཁར་ཐོན་དུས་སློབ་གྲོགས་མང་པོ་ཞིག་ཐོན་འདུག། དེ་ནས་ང་ཉལ་ཁང་དུ་སོང་ནས་དངོས་པོ་དག་ཉལ་ཁང་དུ་བཞག་རྗེས། ངའི་གྲོགས་པོ་ཞིག་ཐོན་བྱུང་། གྲོགས་པོ་དེ་དང་ངེད་གཉིས་ཀྱི་ཉལ་ཁང་ནས་དུས་ཚོད་གཅིག་གཉིས་ལྷག་ལ་ཕ་ཡུལ་གྱི་མཐོང་ཐོས་མྱོང་གསུམ་ཁ་བརྡ་ཞིག་བྱས་རྗེས། དེ་ནས་ངེད་གཉིས་ཕྱིར་ཚོང་རར་ཉུལ་བར་ལམ་ལ་ཆས། ངའི་གཡུ་ཆུང་ལ་འབྲེལ་བ་ཞིག་བྱས་ཀྱང་གཡུ་ཆུང་ད་རུང་སློབ་གྲྭར་ཐོན་མི་འདུག་ཟེར། དེ་ནས་གྲོགས་པོ་དེ་དང་ངེད་གཉིས་ཟ་ཁང་ཞིག་ཏུ་སོང་ནས་ཟ་མ་བཟས་ནས་ཁ་བརྡ་བྱེད་ཞོར་གཡུ་ཆུང་བསྒུགས་ནས་བསྡད། ཕྱི་དྲོར་འགོར་དུས་གཡུ་ཆུང་གིས་ཁོ་མོ་སློབ་གྲྭར་ཐོན་བྱུང་ཞེས་ནས་ང་ལ་བརྡ་འཕྲིན་ཞིག་ཐོན་བྱུང་། དེ་ནས་ངའི་གཡུ་ཆུང་ལ་ཕྱིར་ཚོང་རར་ཟ་མ་ཟ་རུ་ཤོག་ཅེས་བོས་དུས། གཡུ་ཆུང་གིས་ཁོ་མོ་ཟ་མ་ཟ་ས་མི་འདུག་ཟེར། ད་ཕྱིར་མི་ཡོང་ནི་བྱ་ཟེར། ཕལ་ཆེར་ཁོ་མོ་རླངས་འཁོར་ལ་ཅུང་གནོད་ཡོད་པའང་འདྲ། གཡུ་ཆུང་གིས་ང་ལ་སྐད་ཆ་དེ་འདྲ་ཞིག་བཤད་དུས་ངའི་སེམས་སུ་གཡུ་ཆུང་ཅུང་འགྱུར་འདུག་པའི་སྣང་བ་ཞིག་ཀྱང་བྱིན།

དེ་ནས་གྲོགས་པོ་དེ་དང་ངེད་གཉིས་ཕྱིར་སློབ་རའི་ནང་དུ་ལོག། སློབ་གྲོགས་ཚང་མ་ཕལ་ཆེར་སློབ་གྲྭའི་ནང་དུ་ཐོན་འདུག། སློབ་རའི་ནང་དུ་སོང་ནས་ཅུང་མ་འགོར་བར་དགོང་ཚོགས་འཚོག་པའི་བརྡ་བཏང་། ཡར་འཚོགས་དུས་གཡུ་ཆུང་ཀྱང་ཐོན་འདུག དེ་ནས་དགེ་རྒན་ཐོན་ནས་སློབ་གྲོགས་ཚང་མར་འཚམས་འདྲི་ཞིག་བྱས་ནས་ཁ་བརྡ་ཅུང་ཙམ་ཞིག་བྱས་རྗེས། དགེ་རྒན་གྱིས་ད་ཐེངས་ཀྱི་སློབ་སྐབས་འདིར་འུ་ཚང་གི་འཛིན་གྲྭར་སློབ་སྦྱོང་གི་ལས་འགན་ཅུང་ལྕི་བས་ཚང་མའི་ཧྲ་ལ་བྱས་རྒྱུད་ཆུང་གསུམ་བློ་རྒྱུགས་སྤྲད་དགོས་ཞེས་གསུངས། དགེ་རྒན་གྱིས་དེ་ལྟར་ཁ་བརྡ་མང་པོ་ཞིག་བཤད་རྗེས་ད་ཚང་མའི་དཔེ་ཆ་བལྟས་ཞེས་ཟེར་ནས་ཕྱིར་བུད་སོང་། དེ་ནས་ཅུང་མ་འགོར་བར་སློབ་གྲོགས་སོ་སོའི་རང་རང་ས་ནས་ཕན་ཚུན་བར་ཁ་བརྡ་བྱེད་ཀྱིན་འདུག དེ་ནས་ང་ཡང་གཡུ་ཆུང་བསྡད་ཡོད་སའི་ཅོག་ཙེའི་སྟེང་དུ་སོང་ནས་གཡུ་ཆུང་ལ་འཚམས་འདྲི་ཞིག་ཞུས་ནས་ཁ་བརྡ་ཅུང་ཙམ་བྱས་པ་ཡིན། གཡུ་ཆུང་སྔོན་དང་མི་འདྲ་བར་ཁ་བརྡའང་དེ་འདྲ་མི་འདུག། ངའི་ཚོར་བ་ཞིག་ལ་ཁོ་མོ་ཅུང་འགྱུར་བཞིན་པའི་སྣང་བ་ཙམ་བྱིན།

དེ་ནས་རིམ་བཞིན་ངེད་འཛིན་གྲྭར་སློབ་སྦྱོང་གི་ལས་འགན་ཡང་ཇེ་ལྕི་ནས་ཇེ་ལྕི་རུ་གྱུར། གཡུ་ཆུང་དང་ངེད་གཉིས་ལ་མཚོན་ནའང་བར་ཐག་ཇེ་རིང་དུ་གྱུར། ཁ་བརྡའང་མེད་པ་ཞིག་ཏུ་གྱུར། དེ་ཅི་ཡིན་ངོ་མ་རང་ཉིད་ཀྱིས་ཀྱང་གསལ་བོ་ཞིག་ཤེས་མ་སོང་། ཉིན་ཞིག་གི་ཉིན་གུང་ང་རང་འཛིན་གྲྭས་ནང་དུ་དཔེ་ཆ་ཞིག་ལེན་དུ་སོང་དུས། སློབ་གྲོགས་ས་ཁུ་དང་གཡུ་ཆུང་གཉིས་ཀྱིས་མདུན་ཅོག་གཅིག་གི་སྟེང་དུ་ཁ་བརྡ་བྱས་བསྡད་འདུག། དེ་ནས་ང་གློ་བུར་དུ་འཚབ་བེ་འཚུབ་བེ་ཞིག་ཏུ་གྱུར། རེམ་མ་དཔེ་ཆ་བླངས་ནས་མགོ་བོ་ནང་དུ་སྒུར་སྒུར་འདྲ་བྱས་ནས་ཕྱིར་བུད་སོང་། ཕྱིར་རང་ཉིད་ཀྱི་ནམ་རྒྱུན་དཔེ་ཆ་བསྐྱོར་སྦྱོངས་བྱེད་སའི་ཁོར་ཡུག་ཏུ་སོང་ནས་དཔེ་ཆ་ཁ་ཕྱེས་ནས་ཅིག་བལྟ་བསམ་དུས། དཔེ་ཆ་བལྟ་རྒྱུའི་ཡི་ག་ཅུང་ཙམ་ཡང་མི་འདུག། སེམས་ཁམས་མི་སྐྱིད་པའི་སྣང་བ་འདྲ་སྐྱེས་བྱུང་།

དེ་ནས་ཅུང་མ་འགོར་བར་ངའི་གྲོགས་པོ་དེ་ང་ཡོད་ས་དེར་ཐོན། དེ་ནས་ངེད་གཉིས་ཀྱིས་དཔེ་ཆ་མ་བལྟས་པར་ཁ་བརྡ་བྱས་ནས་དུས་ཚོད་གཅིག་ལྷག་ཙམ་འགོར། ཉི་མ་དེར་ང་ལ་དཔེ་ཆར་བལྟ་རྒྱུའི་སེམས་ཁམས་ཅུང་ཙམ་ཡང་མི་འདུག། དུས་དེ་ནས་བཟུང་། ངེད་གཉིས་ཀྱི་བར་ཐག་འདི་ལྟར་རྒྱང་དུ་བཀྱེད། ངེད་གཉིས་ཀྱི་བར་དུ་བྱུང་བའི་གཏམ་རྒྱུད་དེ་དག་ཀྱང་ཉིན་དེ་ནས་བཟུང་ཡོད་ཚད་མཇུག་བསྒྲིལ་སོང་བ་འདྲ། ཅི་ཡིན་མི་ཤེས་མོད། ཉིན་དེ་ནས་བཟུང་ངེད་གཉིས་ཀྱིས་ཕན་ཚུན་ལ་ཁ་བརྡ་མ་བྱས་པར་ལོ་གཅིག་ལྷག་འདས། ཡིན་ནའང་། ངེད་གཉིས་ཀྱི་ཕན་ཚུན་ལ་འབྲེལ་འདྲིས་དང་ཁ་བརྡ་ཅི་ཙམ་མ་བྱས་ཀྱང་ངའི་ཁོ་མོ་སེམས་ནས་འབོར་ཐབས་རང་མ་བྱུང་།

དེ་ནས་རིམ་བཞིན་ལོ་ཟླ་གཙང་བོ་བཞིན་རྒྱང་དུ་བྱེར་ཅིང་། དུས་ཚོད་ཀྱིས་ང་ལ་བཞག་པ་ནི་འགྱོད་གདུང་དང་ཨུ་ཤུགས་ཡིན། རིམ་བཞིན་ལོ་གཅིག་འགོར་རྗེས་སུ་ངེད་འཛིན་གྲྭར་བསྡུར་ན་འཛིན་གྲྭ་གཅིག་གིས་མཐོ་བའི་འཛིན་གྲྭ་ཞིག་མཐར་ཕྱིན་ལ་ཉེ་བས། ཉིན་ཞིག་ལ་ང་ཚོས་ཁོ་ཚོར་སྐྱེལ་མའི་ཚུལ་དུ་གསོལ་སྟོན་བཤམས་ཀྱང་། ཉིན་དེར་གླུ་གར་བྲོ་གསུམ་གྱིས་ཕྱུག་པའི་རྩེད་མོ་གྱ་ནོམ་པ་ཞིག་རྩེས། དེའི་དགོང་མོ་དེར། ངའི་སེམས་སུ་གཡུ་ཆུང་དང་ངེད་གཉིས་ཀྱིས་ཁ་བརྡ་མ་བྱས་པར་དུས་ཡུན་རིང་པོ་ཞིག་འདས། དོ་དགོང་ངའི་གཡུ་ཆུང་ལ་ཁ་བརྡ་ཞིག་བྱེད་དགོས་བསམ། དེ་ནས་ངའི་ང་རང་གི་གྲོགས་པོ་དེ་ང་ཡོད་སར་བོས་ནས་ཁྱོས་འུ་ཚང་གི་ཁོ་མོ་ཞེས་མིང་བཤད་ལས་ཁ་པར་ཨང་གྲངས་ཅིག་བཙལ་རོགས་ཞེས་བཤད། ཁོ་བོའི་ང་ལ་ཡ་ཡ་ཞེས་ཁས་བླངས། དེ་ནས་ཅུང་མ་འགོར་བར་ཁོ་བོའི་ཨང་གྲངས་བཙལ་ནས་ཐོན། དང་ཐོག་ངའི་ཁོ་མོར་ཁ་པར་གཏོང་བའི་སྤོབས་པ་ཞིག་ཡེ་ནས་མི་འདུག ངེད་གཉིས་ཀྱི་འབྲེལ་ཐག་སྔ་མོ་ནས་ཆད་སོང་བའི་ངའི་ཁོ་མོར་ཁ་པར་ཅི་ཞིག་ལ་གཏོང་བསམ་བྱུང་། དེ་འདྲའི་ཐེ་ཚོམ་ཞིག་སྐྱེས་ནས་ཀྱང་དུས་ཚོད་གཅིག་ཡས་མས་ཞིག་ཚར།

དེ་ནས་སློབ་གྲོགས་ཚང་མ་ངལ་གསོ་རན་པའི་དུས་ཚོད་ལ་ཐོན་ཀྱང་། ངའི་གྲོགས་པོ་དེ་དང་ངེད་གཉིས་དགོང་མོ་དེར་སློབ་རའི་ནང་དུ་རས་གུར་འགའ་ཕུབ་ཡོད་པ་དེའི་གཅིག་གི་ནང་དུ་ཉལ། ཉལ་ནས་ཀྱང་མ་འགོར་བར་ངའི་ཁོ་མོར་ཁ་པར་བཏང་བ་ཡིན། ཁ་པར་སྣེ་ལེན་བྱས་

རྗེས་ཁོ་མོའི་ཁྱོད་སུ་ཡིན་ཞེས་དྲིས་བྱུང་། ང་ཡུན་ཙམ་ལ་ངག་ལྐུགས་སོང་བ་འདྲ། ཅི་ཟེར་དགོས་ཧ་གོ་མ་བྱུང་། དེ་ནས་ངག་དམའ་མོས་ང་ས་ཁུ་ཡིན་ཞེས་མིང་བཤད། དེ་མ་ཐག་ཁོ་མོར་དགའ་སྣང་ཞིག་སྐྱེས་བ་དང་འདྲ་བའི་ཚོར་བ་ཞིག་བྱིན། ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་ཆུ་ཚོད་ཡུན་རིང་ཞིག་འགོར། ཕྱི་ཉིན་གྱི་སྐྱ་རེངས་ཀྱང་བཀྱགས། དགོང་མོ་དེར་ཁོ་མོས་བཤད་རྒྱུར་ང་ཁྱོད་ལ་དགའ་མྱོང་ཞེས་བཤད། ངའང་ཁོ་མོར་ངོ་མ་སེམས་གཏིང་ནས་དགའ་མྱོང་། ཡིན་ནའང་། ལས་དབང་ཞིག་གིས་ངེད་གཉིས་ཕྱིར་འགྲིག་རྒྱུས་རེ་བ་ཅུང་ཙམ་ཡང་མི་འདུག ཉིན་དེའི་རྗེས་ནས་ཀྱང་ངེད་གཉིས་ཀྱི་ཁ་བརྡ་མ་བྱས་པར་ཡུན་རིང་འགོར། ཕལ་ཆེར། ང་ཚོ་མཐར་ཕྱིན་ལ་ཉེ་རག་བར་དུ་ཁ་བརྡ་བྱ་མ་མྱོང་བ་འདྲ།

ང་ཚོ་མཐར་ཕྱིན་ལ་ཉེ་དུས་ངེད་གཉིས་ཀྱི་ཕན་ཚུན་ལ་བརྗེད་བྱང་ཞིག་བྲིས་མྱོང་། དེའི་སྟེང་དུ་དངོས་གནས་ཀྱི་ངེད་ཀྱི་ཚོར་བ་དམར་རྗེན་མ་བྲིས་མྱོང་། ཁོ་མོས་ཀྱང་ཁ་ཁོག་མེད་པར་ང་ལ་བཤད་འདོད་པའི་སྐད་ཆ་དག་བྲིས་འདུག། ངས་ཀྱང་ཁ་ཁོག་མེད་པར་སེམས་དམར་རྗེན་ཞིག་ཕྱི་རུ་བཏོན་ནས་ཁོ་མོ་བརྗེད་བྱང་ཞིག་གི་ཚུལ་དུ་བྲིས་པ་ཡིན། ངེད་གཉིས་མཐར་ཕྱིན་ལ་ཉེ་དུས་རང་རང་སོ་སོ་ནས་སྐྱོ་གདུང་གི་ན་ཟུག་ཅིག་ཞེ་རུ་མི་བཅུག་ཐབས་མེད་བྱུང་། ཁོ་མོས་ཀྱང་ང་ལ་མཐར་ཕྱིན་ལ་ཉེ་དུས་ཆེས་འགྱོད་གདུང་ཆེ་བ་ནི་འུ་གཉིས་ཀྱི་དོན་དག་དེ་རེད་ཅེས་བརྗེད་བྱང་དུ་བཀོད་འདུག །ང་ལའང་ངོ་མ་དེ་འདྲ་ཡིན་པ་འདྲ། ངེད་གཉིས་ཀྱིས་ཕན་ཚུན་གྱི་སེམས་སུ་ནམ་ཡང་སོས་མི་ཐུབ་པའི་རྨ་ཁ་རེ་བཏོད་ནས་འདི་ལྟར་སོ་སོར་གྱེས་དགོས་བྱུང་། ཡོད་ཚད་ལས་དབང་གིས་བཀོད་སྒྲིག་ཡིན་པ་འདྲའོ།།



  • ལེ་ཚན་སྔོན་མ།:ཞེ་སའི་མན་ངག་གསུང་གི་རྒྱན་ཆ།
  • ལེ་ཚན་རྗེས་མ།:སློབ་མ་ཞིག་དགེ་རྒན་བྱས་པའི་གཏམ་རྒྱུད།