དྲུག་བྲོ་མ་དང་བྱ་བྲོ་དགུ་བརྡུང་གཉིས་གླེང་བ།

བེ་མདའ།        2020-04-30

དྲུག་བྲོ་མ་དང་བྱ་བྲོ་དགུ་བརྡུང་གཉིས་གླེང་བ།

དྲུག་བྲོ་མ།

 

ཨ་སྔོན་གཡང་གི་རི་ལ།

རྟེན་འབྲེལ་ཡག་མོ་འགྲིག་ཡོད།།

ཉི་ཟླ་ནོར་བུ་འདྲ་ལེ།།

གཡང་གི་རི་ལ་འཛོམས་ཡོད།།

དཀར་སྤྲིན་མཐའ་ནས་རྒྱས་དུས།།

ནོར་བུ་ཕུན་སུམ་ཚོགས་ཡོད།།

 

བྲག་དཀར་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིག་ཡོད།།

རྒོད་དཀར་ནོར་བུ་འདྲ་ལེ།།

གཡང་གི་རི་ལ་འཛོམས་ཡོད།།

གཤོག་དྲུག་མཐའ་ནས་རྒྱས་དུས།།

ནོར་བུ་ཕུན་སུམ་ཚོགས་ཡོད།།

 

ཇ་སྒྱེད་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིག་ཡོད།།

འདིར་བཞུགས་ནོར་བུ་འདྲ་ལེ།།

གཡང་གི་རི་ལ་འཛོམས་ཡོད།།

ཁ་མཚར་མཐའ་ནས་རྒྱས་དུས།།

ནོར་བུ་ཕུན་སུམ་ཚོགས་ཡོད།། 

   གོང་གི་གནའ་བྲོ་འདི་ནི་ཨོ་ཐོག་ཡུལ་གྱི་གནའ་བྲོ་དག་གི་ཁྲོད་ནས་ད་ལྟར་ཅུང་གྲགས་ཆེ་བ་ཞིག་ཡིན་ལ།  བྲོ་འདིའི་ཚིག་ལ་ཅུང་མི་འདྲ་བ་གཉིས་ཙམ་ཡོད་ལ་དེ་བཞིན་དུ་དབྱངས་འགྲོས་ལ་ཡང་གཉིས་ཡོད་པར་འདུག   དྲུག་བྲོ་མ་ཞེས་པའི་བྲོ་འདི་ལ་རྡོག་བྲོའི་ཆ་ནས་སྔ་འགྲོ་དང་ཕྱི་ནུར་གཉིས་ལ་དྲུག་རེ་ཡོད་པས་དྲུག་བྲོ་མ་ཞེས་བཏགས་པ་ཡིན་ནམ་སྙམ།   ད་ལྟའི་ཆར་བྲོ་འདིའི་རྡོག་བྲོ་ལ་ཅུང་ཟད་འགྱུར་བ་བཏང་ནས་ཉག་ཆུ་རྫོང་གི་སྐོར་བྲོའི་ནང་དུ་ཡོད་ལ།  བྲོ་འདི་ལ་སི་ཁྲོན་ས་ཁུལ་ནས་ཨང་རིམ་ཅུང་མང་པོ་ཐོབ་མྱོང་།  དྲུག་བྲོ་མ་ནི་ཨོ་ཐོག་དཔོན་རབས་ཀྱི་སྐབས་སུ་ཤིན་ཏུ་རྩ་ཆེ་བའི་བྲོ་ཞིག་ཡིན་པར་ཐོས་ལ།   ད་དུང་ལོ་སར་སྐབས་སུ་ངེས་པར་དུ་དཔོན་ཚང་ནས་འཆམ་དགོས་པ་ཞིག་ཀྱང་ཡིན་འདུག   དྲུག་བྲོ་མའི་ཚིག་ལ་ཞིབ་ཏུ་ཉན་ན་ཉན་རིན་དང་བསམ་རིན་གཉིས་ཆ་ཡོད་པ་ཞིག་ཡིན་ལ།   ཚིག་གི་གདོང་ཙམ་ནས་བལྟས་ན་ཧ་ཅང་སྙན་ལ་ཚིག་སྦྱོར་ཕུན་སུམ་ཚོགས་པས་དབྱངས་རྟ་དང་བསྡེབས་པ་ཙམ་གྱིས་ཡིད་སེམས་དབང་མེད་དུ་བཀུག་འགྲོ་ལ།  རྡོག་བྲོའི་ཆ་ནས་བབས་ཆག་པོ་དང་སེམས་ཀྱི་དྭངས་བ་འདྲེན་ནུས་པ་ཞིག་ཏུ་འདུག་པས་བྲོ་འདི་ལ་ཁྱད་ཆོས་མང་ཙམ་འདུག་པར་སྣང་།   དེས་ན་བྲོ་འདི་ནི་གནའ་དུས་ཨོ་ཐོག་གི་རྫོང་མཁར་ཆགས་ས་མགོ་ལོག་སྟོད་ཀྱི་གྲོང་སྡེ་དེ་རུ་འཆམ་སྟངས་གཅིག་ཡོད་ལ།   ད་རུང་ཨོ་ཐོག་གི་འབྲོག་སྡེ་གཞན་དག་ཏུ་ཡང་འཆམ་སྟངས་གཅིག་སྟེ་བྲོ་འདི་ལ་རྡོག་བྲོ་རྒྱག་སྟངས་སམ་འཆམ་སྟངས་གཉིས་ཙམ་ཡོད།

 

བྱ་བྲོ་དགུ་བརྡུང་།

 

ཕར་རིའི་དགོན་ཆེན་ཁྲ་མོ།།

སྲིད་པ་ཆགས་པའི་དགོན་ཆེན།།

ཚུར་རིའི་ལྷ་དར་སེར་པོ།།

དུས་ཚོད་འཇམ་པའི་ལྷ་དར།།

དེ་གཉིས་བར་གྱི་རྩེད་འཇོ།།

ཁ་ཡི་བསོད་ནམས་ལོས་འཁོར།།

 

ཕར་རིའི་རྫོང་ཆེན་ཁྲ་མོ།།

སྲིད་པ་ཆགས་པའི་རྫོང་ཆེན།།

ཚུར་རིའི་ལྷ་དར་དཀར་པོ།།

དུས་ཚོད་འཇམ་པའི་ལྷ་དར།།

དེ་གཉིས་བར་གྱི་ཤར་ལྷོ།།

ཁ་ཡི་བསོད་ནམས་ལོས་འཁོར།།

 

ཕར་རིའི་ཇ་ར་ཁྲ་མོ།།

སྲིད་པ་ཆགས་པའི་ཇ་ར།།

ཚུར་རིའི་ལྷ་དར་སྔོན་པོ།།

དུས་ཚོད་འཇམ་པའི་ལྷ་དར།།

དེ་གཉིས་བར་གྱི་ན་ཆུང་།།

ཁ་ཡི་བསོད་ནམས་ལོས་འཁོར།།

  བྱ་བྲོ་དགུ་བརྡུང་ནི་ཨོ་ཐོག་ཡུལ་གྱི་ཐུན་མོང་མ་ཡིན་པའི་བྲོ་ཞིག་ཡིན་ལ།   བྲོ་འདིའི་མིང་ལ་བྱ་བྲོ་དགུ་བརྡུང་ཞེས་བཏགས་པ་ཡང་ཤིན་ཏུ་བདེ་མྱུར་གྱི་ངང་ནས་འཁྲབ་དགོས་པར་མ་ཟད།   འཁྲབ་མ་ཐག་ཏུ་ལན་གསུམ་རྐང་པ་ཡར་བཀྱག་ནས་འཕུར་དགོས་པས་དེ་ལྟར་བཏགས་པ་ཨེ་ཡིན་སྙམ།  བྲོ་འདིའི་ཚིག་ལ་མཚོན་ན་ཡང་གོང་ནས་བརྗོད་པ་བཞིན་རྩོམ་རིག་གི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་།   དབྱངས་རྟ་ཡང་ཤིན་ཏུ་སྙན་པ་ཞིག་ཡིན།   དཔེར་ན།   མི་ཉག་དང་ས་ཆ་གཞན་པའི་བྲོ་ཕལ་ཆེ་བ་ནི་དབྱངས་རྟ་གཅིག་ལ་ཚིག་མང་པོ་བསྡེབས་དགོས་པ་ཞིག་ཡིན་ཀྱང་།  ཨོ་ཐོག་གི་གནའ་བྲོ་ནི་དེ་དང་མི་འདྲ་བར་ཚིག་རེ་རེ་ལ་དབྱངས་རྟ་རེ་རེ་ནི་ཕལ་ཆེར་ཡོད་ངེས་པ་ཞིག་ཡིན་པས་བྱ་བྲོ་དགུ་བརྡུང་ལ་ཡང་གཞན་དག་དང་མི་འདྲ་བའི་དབྱངས་རྟ་དགུག་བདེ་བ་ཞིག་ཡོད།  གནའ་བྲོ་དེ་དག་གི་ནང་དུ་དབྱངས་རྟ་ཤིན་ཏུ་རིང་བའི་རིགས་དང་བར་མ་དང་ཐུང་བ་སོགས་ཧ་ཅང་མང་པོ་ཡོད་པ་ལས་བྱ་བྲོ་དགུ་བརྡུང་དང་དྲུག་བྲོ་མ་གཉིས་ནི་བར་མའི་རིགས་སུ་གཏོགས་པས་ད་ལྟའི་ཆར་ན་གཞོན་མང་པོས་དོ་སྣང་ཆེས་ཆེར་བྱ་ཡུལ་དུ་གྱུར་ཡོད།


  • ལེ་ཚན་སྔོན་མ།:ཨོ་ཐོག་ཡུལ་གྱི་གཏམ་དཔེ་གཅེས་བཏུས།
  • ལེ་ཚན་རྗེས་མ།:མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག