འབའ་ཐང་གི་དམངས་ཁྲོད་གཞས་མོ།

དངོས་གྲུབ་སྒྲོལ་མ།        2020-09-01

   

འབའ་ཐང་གི་དམངས་ཁྲོད་གཞས་མོ།


  ༡

གངས་དཀར་པོ་གངས་ཕྱོགས་བཅོ་བརྒྱད།།

གངས་རེ་རེ་བདག་པོ་རེ་རེ།།

གངས་བདག་པོ་མེད་མཁན་ངར་འཕྲད་ན།།

ངས་མི་ཚེ་གངས་ལ་གཤིབ་བསམ་ཡོད།།

        ༢

རྒྱལ་པོའི་ར་བ་ནང་ལ།།

རྟ་ཕོ་མི་འཛོམས་དགུ་འཛོམས།།

རྒྱལ་པོའི་བཞོན་རྟ་ལོ་ལེ།།

རྟ་ཕོ་ཅི་ཡང་མི་འདུག།

       ༣

ལྷ་སའི་སྐོར་ར་ནང་ལ།།

ཨ་ཅེ་གོན་པ་ཞན་པ།།

གོན་པ་ཞན་དོ་མ་བསམས།།

ཕ་མ་རིགས་བཟང་བུ་སྲིང་།།

       ༤

ང་རང་བསམ་པའི་ཆུང་འདྲིས།།

ཟླ་ཆུ་ཕར་ཁར་ལུས་སོང་།།

གྲུ་པ་ཁ་དྲོ་ཚེ་རིང་།།

གྲུ་ཆུང་མགྱོགས་མྱུར་གཏོང་རོགས།།

       ༥

ལྕང་མ་ས་ལ་བཙུགས་ཡོད།།

ལྕང་རྩེ་བྲག་ལ་ཁྱབ་ཡོད།།

གནམ་ལ་བྱ་གཅིག་ལྡིང་བྱུང་།།

ལྕང་མ་མགོ་སྦྲེལ་བྱེད་རོགས།།

       ༦

མ་གཞི་ཨ་ལོང་དངུལ་རེད།།

ཕྲ་ཕུད་རིན་ཆེན་གསེར་རེད།།

དད་འདོད་ཆེ་ནས་བརྡུངས་ཡོད།།

དབང་ཐང་ཆེ་ནས་བསྐོན་ཡིན།།

       ༧

ཨ་ལུང་ཕྲ་གཅིག་མགོ་ལ། །

ཕྲ་གཉིས་བཙུགས་དགོས་བསམ་བྱུང་།།

མ་མཛེས་མི་ཡིས་མཐོང་ན།།

མཛེས་མི་རང་གིས་བཟོ་ཆོག།

       ༨

ཨ་ལུང་ཁུར་ཤོག་ཁུར་ཤོག།

ཅི་སྐྱོན་མ་རེད་མ་རེད།།

རྗེས་ལ་མི་ཁ་བྱུང་ན།།

ཕུ་ཐུང་ཞབས་ལ་བཀབ་ཆོག།

       ༩

ལ་མོ་ལ་ཁར་ཤར་བྱུང་།།

ཟླ་ཆུ་མ་བཟང་རོགས་བཟང་།།

རོགས་བཟང་ཁྱོད་ལ་འཕྲད་ན།།

ཕ་ཡུལ་སྤངས་ན་སྤང་ཆོག།

       ༡༠

རི་གཅིག་གཡང་གི་རི་ལ།།

རྩྭ་གཅིག་དུག་རྩྭ་མ་སྐྱེ།།

རི་དྭགས་རྣམ་པ་སྣ་ཚོགས།།

གཡང་གི་རི་ལ་འཁོར་ཡོད་།།

       ༡༡

ཆུ་གཅིག་ཆུ་ཆེན་ཁ་ལ་ཇ་གཅིག་འཐུང་།།

ཇ་མ་འཐུང་རྫ་ཁུག་ཆུ་ནང་ཤོར།།

       ༡༢

བྲག་དཀར་འཛོམས་མགོ་ལ་སྒོ་གཅིག་བཙུགས།།

སྒོ་མ་ཕྱེ་སྒོ་ལུང་གསར་པ་ཡིན།།

       ༡༣

གངས་རི་དཀར་པོའི་འོག་ལ།།

རྫ་ཁོག་ཨ་ཡོད་མ་ཤེས།།

ཆུང་འདྲིས་བྱམས་པའི་ཁོག་ནང་།།

བློ་ཀྱོག་ཨ་དྲན་མ་ཤེས།།

      ༡༤

ཆུང་འདྲིས་རྟ་དཀར་བཞོན་མི།།

བྲག་དཀར་ལ་མོ་བརྒྱབ་སོང་།།

ཆུང་འདྲིས་སེམས་པ་ཡོད་ན།།

སྲབ་ཁ་མར་གཅིག་བསྐོར་རོགས།།

      ༡༥

ཆུང་འདྲིས་ང་ལ་སྤྲད་པའི།།

ཨ་ལོང་སྐལ་བཟང་མེ་ཏོག།

ཞོགས་རེ་ལག་རེ་འཁྲུད་དུས།།

ཆུང་འདྲིས་རེ་རེ་དྲན་བྱུང་།།

      ༡༦

ཤིང་གཅིག་ཡ་མཚན་ཤིང་རེད།།

རྒྱ་ཤོད་སྟར་ཕུང་སྡོང་པོ།།

མེ་ཏོག་བཞད་ས་མ་མཐོང་།།

འབྲས་བུ་གའུ་ཁ་སྤྲད།།

      ༡༧

ཤིང་གཅིག་ཡ་མཚན་ཤིང་རེད།།

དགུན་ཁའི་སོ་བ་སྡོང་མོ།།

མེ་ཏོག་དཀར་དཀར་བཞད་དུས།།

འབྲས་བུ་བྱུ་རུའི་མདོག་ཁ།།

      ༡༨

ཆུ་གཅིག་མི་འཐུང་མི་འཐུང་།།

རྒྱ་གྲོང་རུ་ཆུ་མི་འཐུང་།།

ཆུ་གཅིག་འཐུང་དགོས་བསམས་ན།།

གངས་ཆུ་བསིལ་མ་འཐུང་འགྲོ།།

      ༡༩

ཤིང་གཅིག་ཨ་ཀྱོག་ཕར་ཀྱོག།

ཀོང་པོའི་རི་ལ་ཀྱོག་སོང་།།

རྒྱུད་དག་ཞན་པའི་ཤིང་དེ།།

གཡོག་བཞིན་གཡོག་ནས་ཀྱོག་སོང་།།

      ༢༠

དུད་ཚང་ཕྱུག་པོའི་བུ་དེ།།

ཁམ་ཕུང་རྩེ་ཡི་མེ་ཏོག།

ཁམ་བུ་ས་ལ་ལྷུང་དུས།།

ཁྱི་ཕག་གཉིས་ཀྱིས་མི་ཟ།།

      ༢༡

ཁམ་བུ་གསེར་ཁམ་དངུལ་ཁམ།།

ལ་དང་ལ་མོ་རྒྱབ་སོང་།།

ཁམ་སྐྱུར་ཕག་གིས་མི་ཟ།།

སྒོ་ར་ཟུར་ལ་ལུས་སོང་།།

      ༢༢

ར་མ་རི་ལ་གྲམ་ཐལ།།

རེའུ་ཐང་ལ་ལུས་སོང་།།

རྫི་རྒན་བྱང་ཆུབ་སེམས་དཔའ།།

མ་བུ་འཕྲད་ཐབས་སྤྲད་རོགས།།

      ༢༣

རྒྱ་གྲོང་མི་ཡིས་གང་བྱུང་།།

ཕ་མ་འདྲ་ལེ་མི་སྣང་།།

གནམ་ནང་སྐར་མ་གང་བྱུང་།།

སྨིན་དྲུག་འདྲ་ལེ་མི་སྣང་།།

      ༢༤

རི་མགོ་མཐོ་ཡང་མི་དགོས།།

རི་རྒྱ་ཆེ་ན་ཆོག་འགྲོ།།

བུ་མོ་མཛེས་ཡང་མི་དགོས།།

བསམ་པ་དཀར་ན་ཆོག་འགྲོ།།

      ༢༥

ལྷ་སའི་བར་སྐོར་ནང་ལ།།

གསེར་གྱི་ཁབ་གཅིག་ལོན་བྱུང་།།

ལོན་བསམ་དགའ་རྒྱུ་མི་འདུག།

མི་ལོན་སྡུག་རྒྱུ་མི་འདུག།

      ༢༦

ལྷ་སའི་བར་སྐོར་ནང་ལ།།

ཁྱི་རྒན་སྦི་ལི་སྦ་ལ།།

ཨ་ལོག(རྩམ་ཆངས)ཉིས་སྐལ་མི་རག།

བེར་ཀ་སུམ་སྐལ་རག་སོང་།།

      ༢༧

ཕུགས་ལ་གངས་དཀར་དཀར་བྱུང་།།

མདའ་ལས་མཆོད་རྟེན་དཀར་བྱུང་།།

དཀར་པོ་འདྲ་འདྲ་འཕྲད་བྱུང་།།

རང་གཉིས་བསམ་པ་དགའ་བྱུང་།།

      ༢༨

རང་སེམས་རྒྱ་སྐྱོགས་དཀར་པོ།།

དྲི་མ་མ་ཕོག་བཞག་ཡོད།།

རྒྱ་གྲོང་ས་གྲགས་རྡོ་གྲགས།།

ལོ་ཆུང་ང་ཡིས་མི་ཉན།།

      ༢༩  

ར་མ་དཀར་དཀར་གཅིག་ལ།།

རེའུ་ཕྱེད་དཀར་ཕྱེད་ནག།

དཀར་ན་དཀར་ཐག་ཆོད་ཤོག།

ནག་ན་ནག་ཐག་ཆོད་ཤོག།

      ༣༠

ཆུང་འདྲིས་ངེད་གཉིས་བར་ལ།།

རྡོ་ལ་རི་མོ་བརྐོས་ཡོད།།

ལོ་གསུམ་ཆར་པ་བབས་ན།།

རི་མོ་དག་ས་མ་རེད།།

       ༣༡

ཁང་སྟོད་མངའ་རི་ཁམ་བུ།།

ལག་པས་སླེབས་ས་མི་སྣང་།།

ཟ་བའི་དབང་ཐང་ཡོད་ན།།

ལག་པའི་དཀྱིལ་ལ་ལྷུང་ཡོང་།།

       ༣༢

ཆུང་འདྲིས་དགའ་ནས་དགའ་བྱུང་།།

དགའ་ནས་ཟེར་ཐག་མ་ཆོད།།

དྲིན་ཆེན་ཕ་མ་ཡིན་ན།།

དགའ་ན་ཟེར་བཞག་ཨ་ཆོག།

       ༣༣

སྟོད་ནས་སྟོད་རོགས་ཁུར་ཤོག།

སྨད་ནས་སྨད་རོགས་ཁུར་ཤོག།

ཤུག་དཀར་འབར་རོགས་ཁུར་ཤོག།

རང་གཉིས་ཇ་གཅིག་བསྐོལ་ཆོག།

       ༣༤

ཁ་གཅིག་སྐོམ་པའི་ཐོག་ལ།།

ཆུ་གཅིག་འཐུང་ནས་འཐུང་ཡོད།།

ཆུ་ནང་ཉ་རྒྱུ་སྦལ་རྒྱུ།།

ཞེ་ཁ་གཏིང་ནས་ལོག་བྱུང་།།

       ༣༥

ཁྱོད་ནི་ཕར་ཁ་ལྕང་མ།།

ང་ནི་ཚུར་ཁ་ལྕང་མ།།

ལྕང་མགོ་ཕར་འགུག་ཚུར་འགུག།།

ལྕང་རྩེའི་མདུད་པ་རྒྱག་ཆོག།

       ༣༦

གཅིག་སེམས་གཅིག་ལ་བརྟེན་ན།།

གཉིས་སེམས་ལྡེ་མིག་རྒྱག་ཆོག།

ལྡེ་མིག་མི་ལ་མ་སྟེར།།

བློ་སེམས་ཁ་ཁ་འགྲོ་འོང་།།

       ༣༧

རྟ་ཕོ་རི་ལ་བཏང་ཡོད།།

སྲབ་མདའ་ལག་ལས་བཟུང་ཡོད།།

ཞི་ལུ་ཤ་མེད་གཅིག་གིས།།

སྲབ་མདའ་ལེན་དགོས་བསམ་ཐལ།།

        ༣༨

ཨ་ཕ་སྟག་ནི་མ་རེད།།

ཨ་མ་གཟིག་ནི་མ་རེད།།

རང་གཉིས་བསམ་སེམས་གཅིག་ན།།

ཉིན་རེར་གོས་རེ་དྲུབ་ཆོག།

        ༣༩

གངས་རི་དཀར་པོའི་འོག་ལ།།

རྫ་དོང་ཨེ་ཡོད་མ་ཤེས།།

རྫ་དོང་ཨེ་ཡོད་ཤེས་ན།།

གོམ་གསུམ་སྤོ་ལུགས་བྱེད་ཆོག།

      ༤༠

ཤར་ཕྱོགས་སྤྲིན་དཀར་དཀར་པོ།།

ལུ་གུའི་བལ་ལས་འཇམ་བྱུང་།།

རང་གཉིས་བསམ་པ་གཅིག་ན།།

ཉིན་རེ་གོས་རེ་བརྗེ་ཆོག།

      ༤༡

ཁྱོད་ནི་རྒྱ་གར་རྩྭ་རེད།།

ང་ནི་རྨ་བྱའི་སྒྲོ་རེད།།

རྒྱ་གར་རྩྭ་ལོ་ཡག་བྱུང་།།

རྨ་བྱའི་སྒྲོ་མདོངས་མཛེས་བྱུང་།

      ༤༢

ལྕང་མ་གླང་མ་ངེད་གཉིས།།

གཤིབ་ནས་ལོ་གྲངས་མང་པོ།།

ལྕང་མ་རུལ་ཚར་ཨ་ཡིན།།

ད་ལོ་མ་གཏོགས་མ་གོ།

      ༤༣

རི་བོང་རྐང་ལག་ཐུང་ཐུང་།།

སྤང་དཀར་ལ་མོ་བརྒྱབ་ཐལ།།

ཤྭ་བ་རྭ་ཅོ་རིང་པོ།།

གནམ་ནང་སྐར་མ་མི་སླེབས།།

       ༤༤

གནམ་དང་སྤྲིན་གྱི་བར་ལ།།

འབྲུག་གིས་སྒོ་ང་གཏོང་བྱུང་།།

གཏོང་ནི་ངོ་མ་གཏོང་བྱུང་།།

མ་གཏོང་ཟེར་ཐག་མི་ཆོད།།

       ༤༥

ཆུ་དང་བྱེ་མའི་བར་མཚམས།།

བྱེ་མའི་མཆོད་རྟེན་བརྒྱབ་བྱུང་།།

ཆར་པ་སི་རི་ས་རས།།

བྱེ་མའི་མཆོད་རྟེན་འདག་ཐལ།།

       ༤༦

ཆུ་དང་བྱེ་མའི་ཁ་མཚམས།།

སྦལ་རྒན་ཀུ་ཤུ་སྦྲུལ་ལི།།

ཉི་མ་མིག་གིས་མི་མཐོང་།།

ཚ་གདུག་བསྲེག་མདོག་ཁ་བྱུང་།།

       ༤༧

རྒྱ་ཤོད་ལྕང་མའི་མགོ་ལ།།

བྱིའུ་སྐལ་བཟང་འབྲུག་གྲགས།།

རྡོ་གཅིག་རྒྱག་ཁ་འཚེར་བྱུང་།།

བྱིའུ་ལྡིང་ཁ་འཚེར་བྱུང་།།

       ༤༨

རོགས་དགའ་མོའི་མགོ་ལ་འཇའ་གཅིག་འཁྲིགས།།

འཇའ་མ་རེད་སྟོང་སྐུད་ཆག་པ་རེད།།

       ༤༩ 

སྟར་ག་གཅིག་སྦྲེལ་གཉིས་སྦྲེལ།།

སྟར་ཕུང་རྩེ་ལ་སྦྲེལ་བྱུང་།།

བྱ་གཅིག་ཨ་འོ་ནེ་ཙོས།།

ལྟད་མོ་རྒྱང་ལ་བལྟས་ཡོད།།

འབའ་ཐང་གི་དམངས་ཁྲོད་གཞས་མོ།

       ༥༠

རྟ་ཕོ་ཤང་ཤང་གཅིག་ནི།།

ལྡུག་ཆུ་བླུད་ཁར་བྲོས་ཐལ།།

སྐབས་ཀྱི་སྔོན་ལས་མེད་ན།།

ག་ས་ག་ལ་ལོག་འགྲོ།།

     ༥༡

རྟ་ཕོ་ངེད་གཉིས་སྲབ་གཉིས།།

རི་རྩེ་སྒང་ལ་བསྡད་ཡོད།།

རྟེའུ་རྫི་སྔོ་སྟུག་ཁྱོད་ལ།།

བསམ་པ་ཤོར་དོན་མི་སྣང་།།

     ༥༢

ས་ནག་དཀར་པོའི་འོག་ལ།།

རྒྱ་ཞིང་རྨོ་འཕྲོ་བཞག་ཡོད།།

ཨ་ཆུང་སྐུ་ཁམས་བདེ་ན།།

རྒྱ་ཞིང་རྨོ་འཕྲོ་རྨོ་དགོས།།

     ༥༣

གནམ་ནང་སྐས་གཅིག་བཙུགས་ཡོད།།

སྨིན་དྲུག་ཁྱོད་ལ་བཙུགས་ཡོད།།

ཆུ་ནང་རྡོ་གཅིག་བརྒྱབ་ཡོད།།

ཉ་ཆུང་ཁྱོད་ལ་བརྒྱབ་ཡོད།།

     ༥༤

བྱ་རྒོད་ཕྲུག་གྲོང་མགྲོན་འགྲོ་བའི་དུས།།

བྱ་རྒོད་ཕྲུག་རྒོད་ལམ་ལུས་བསྡད་སྣང་།།

བྱ་རྒོད་ཕྲུག་རྒོད་ལམ་མ་མཐོང་ས།།

ཁྱི་སྐྱ་ལི་རྔ་མ་ལུས་བསྡད་སྣང་།།

     ༥༥

ཆུ་བོ་མར་འགྲོ་གཅིག་ལ།།

ཡིད་སེམས་བསམ་པ་མ་ཤོར།།

ཚེ་གཅིག་མཚོ་ཆུ་མ་རེད།།

སྐབས་གཅིག་ཇ་ཆུ་རེད་འདུག།

     ༥༦

དཀར་ཡོལ་དཀར་དཀར་ནང་ལ།།

འོ་མ་དཀར་དཀར་བླུག་ཡོད།།

རང་སེམས་དཀར་དཀར་ཡིན་མིན།།

དཀར་ཡོལ་ཁ་ལ་བལྟ་ཆོག།

     ༥༧

དཀར་ཡོལ་འབྲུག་རིས་ཁ་ལ།།

རི་མོ་མི་བྲི་དགུ་བྲི།།

རི་མོ་ཁམས་ལ་འོང་བའི།།

རི་མོ་ཅི་ཡང་མི་འདུག།

      ༥༨

མདའ་མོ་སྤང་ལ་ཟུག་ན།།

ཤུགས་དང་དཔུང་པ་དགོས་གྲགས།།

ཤུགས་དང་དཔུང་པ་མེད་ན།།

མདའ་སྤང་སྦྲེལ་ཐབས་མི་འདུག།

      ༥༩

འཛིང་འཛིང་(འབུ་ཞིག)རང་རྒྱལ་ཆེ་དེ།།

ཆོས་ཁང་སྒོ་ལ་འཛེགས་སོང་།།

བབས་པའི་དབང་ཐང་མེད་ན།།

འཛིང་འཛིང་སྲོག་རྩ་བུད་ཐལ།།

      ༦༠

ཆུ་མགོ་མ་སྙོག་སྐབས་ལ།།

ཆུ་མགོ་སྙོག་མིང་ཐོབ་སོང་།།

སྙོག་དགོས་ངོ་མ་བྱུང་ན།།

དྭངས་རྒྱུ་མེད་པ་སྙོག་ཆོག།

      ༦༡

ཆུ་མགོ་རྒྱུག་སོང་མ་བསམ།།

ཟམ་ཆུང་ལུས་ཐལ་མ་བསམ།།

སྟ་རེ་རྒྱ་སྟ་ཕྲ་མོས།།

ཟམ་ཆུང་གསར་པ་བཙུགས་ཆོག།

      ༦༢

བསམ་པ་ཚུར་ཤོར་ཕར་ཤོར།།

སྤང་ལ་མེ་ཤོར་འདྲ་བྱུང་།།

མེ་ཀྱོག་ལ་མོ་ནུབ་རན།།

མེ་སྐྱོབ་ཐུབ་ས་མ་རེད།།

      ༦༣

ཁྱེད་མ་བརྗེད་སྤྲིན་མགོ་ཚུར་སྐྱེལ་ཤོག།

ངས་མི་བརྗེད་རི་མགོ་ཕར་སྐྱེལ་འོང་།།

སྤྲིན་མགོ་རི་མགོ་འཛོམས་ན།།

རང་གཉིས་འཛོམས་དང་ཁྱད་མེད།།

      ༦༤

ཕར་རི་སྤང་དཀར་སྟེང་ལ།།

རལ་གྲི་འདོམ་པ་བཅོ་བརྒྱད།།

ཕ་རོལ་དགྲ་བོ་མ་ཐུབ།།

ཚུར་རོལ་རང་སྲོག་བཅད་སོང་།།

      ༦༥

ཁམ་ཕུང་མཐོ་གང་གཅིག་ལ།།

མེ་ཏོག་དཀར་སེར་དམར་ལྗང་།།

མཐོ་གང་རེད་འདུག་མ་བསམ།།

ཕ་མ་རིགས་བཟང་བུ་སྲིང་།།

      ༦༦

སྤྲང་རྒན་ཆོས་གྲགས་རྒྱ་མཚོ།།

མི་དགོས་དགུ་དགོས་ཡིན་གྲགས།།

ཕོ་ཤིང་སྟག་མ་དགོས་གྲགས།།

མོ་ཤིང་གླང་མ་དགོས་གྲགས།།

     ༦༧

སྐེད་རགས་རྒྱ་ཁྲ་སེར་མ།།

ཉོ་མི་གང་འདུག་མ་བཙོང་།།

ཚུར་བསམ་ཕར་བསམ་འཕྲད་ན།།

ཉོ་གླ་གང་སླ་བཙོང་ཆོག།

     ༦༨

ཁང་པ་རྒྱལ་ཁང་ཕྲ་མོ།།

སྒོ་དང་སྐར་ཁུང་མཛེས་བྱུང་།།

རྒྱལ་ཁང་ནང་གི་དཔོན་པོ།།

ཐུགས་དང་རིག་པ་གསལ་བྱུང་།།

     ༦༩

ཆུ་མགོ་ཆུ་ཕུགས་གཅིག་པ།།

སོ་སོ་འགྲོ་དགོས་བྱུང་ན།།

མཐའ་ཡི་རྒྱ་མཚོའི་ནང་ལ།།

འཛོམས་པའི་སྨོན་ལམ་རྒྱག་ཆོག།

     ༧༠

ཕ་མ་ཞན་པའི་བུ་སྲིང་།།

སྒང་གི་ལྷ་དར་འདྲ་བྱུང་།།

དབྱར་ཁར་ཆར་གྱིས་དགྲ་བྱུང་།།

དགུན་ཁར་རླུང་གིས་དགྲ་བྱུང་།།

 

      ༧༡

ལ་ཁའི་ཤུག་ཕྲུག་ཆུང་ཆུང་།།

ཞག་གཅིག་གནས་ཚང་གཡར་རོགས།།

རྗེས་ལ་བཙལ་མི་བྱུང་ན།།

ལ་མོ་བརྒྱབ་ཐལ་ཟེར་རོགས།།

      ༧༢

སྟར་ཀར་རྡོ་གཅིག་བརྒྱབ་པས། །

ཉི་ཤུ་ས་ལ་ལྷུང་སོང་།།

བཅོ་བརྒྱད་ལྷ་ལ་ཕུལ་ཡོད། །

གཉིས་ནི་ང་རང་བདམས་ཡིན།།

      ༧༣

ལྕང་མ་བཙུགས་མཁན་ང་ཡིན།།

ལྕང་ཆུ་བླུག་མཁན་ང་ཡིན།།

ལྕང་མ་ཤིང་ལོ་རྒྱས་དུས།།

བདག་པོ་རྒྱག་མཁན་མང་གི།།

      ༧༤

དྲིན་ཆེན་ཕ་མའི་ཁ་ཏ།།

ལྷ་བྱ་གོང་མོའི་གསུང་སྐད།།

ལ་མོ་ཕར་ཕར་རྒྱག་དུས།།

གསུང་སྐད་ཚུར་ཚུར་སྙན་བྱུང་།།

      ༧༥

སྐར་མ་ཐར་རེ་ཐོར་རེ།།

ག་ས་ག་ལ་ཤར་བྱུང་། །

སྙིང་དང་འདྲ་བའི་སྐར་མ།།

སྙིང་གི་གཏིང་ནས་ཤར་བྱུང་།།

      ༧༦

ཆུང་འདྲིས་ངེད་གཉིས་ཐུག་ས།།

འབྲུག་གི་ལྡིར་སྒྲ་གྲགས་བྱུང་།།

བྱིའུ་དང་འཇོལ་མོ་མ་གཏོགས།།

སུ་དང་གང་གིས་མི་ཤེས།།

      ༧༧

ཆུ་ནི་ཆུ་ཕུགས་གཅིག་པ།།

སོ་སོར་འགྲོ་དགོས་བྱུང་ན།།

མཐའ་མ་རྒྱ་མཚོའི་འགྲམ་ལ།།

ཐུག་པའི་སྨོན་ལམ་འདེབས་རོགས།།

      ༧༨

ཁམ་བུ་ཁ་ལ་ཞིམ་བྱུང་།།

མེ་ཏོག་མིག་ལ་མཛེས་བྱུང་།།

ཁམ་བུ་ལོ་མ་རྒྱས་དུས།།

ཞག་གཅིག་གནས་ཚང་གཡར་རོགས།།

      ༧༩

རྐ་མགོ་ཁྲིད་ཀྱང་མ་སླེབས།།

རྐ་སྐེད་སྒུག་ཀྱང་མ་སླེབས།།

ནམ་མཁའི་བླ་མ་དཀོན་མཆོག།

ཆུ་སྣ་གཅིག་ལ་འཕྲད་བྱུང་།།

     ༨༠

ཁམ་བུ་མ་ཟ་ཆུ་རེད།།

སྟར་ག་མ་ཟ་ཤིང་རེད།།

ཤིང་ཏོག་ཨ་མྲའི་འབྲས་བུ།།

ལོ་ཆུང་ང་ཡི་ཁ་ཟས།།

     ༨༡

བྱ་གཅིག་ཡིན་ན་བསམ་བྱུང་།།

བྱིའུ་གཅིག་ཡིན་ན་བསམ་བྱུང་།།

ཕ་ཡུལ་ས་ཐག་རིང་པོ།།

ལྡིང་ཐབས་ཡོད་ན་བསམ་བྱུང་།།

      ༨༢

ཆུ་བོ་མར་འགྲོ་ཤིག་ཤིག།

ཡར་འོང་ཡིན་ན་བསམ་བྱུང་།།

བདག་གི་དྲིན་ཆེན་ཕ་མ།།

སྐུ་ཚེ་བརྟན་ན་བསམ་བྱུང་།།

 

       ༨༣

དཀར་ནི་རས་དཀར་དཀར་བྱུང་།།

འཇམ་ནི་འབུ་རས་འཇམ་བྱུང་།།

འཇམ་པའི་འབུ་རས་བདམས་ཐོན།།

རས་དཀར་དགོངས་པ་མ་འཚོམས།།

       ༨༤

ཚུར་ཁ་ལྕང་མ་འགུག་འགུག།

ཕར་ཁ་གླང་མ་འགུག་འགུག།

འགུག་ན་ཕར་འགུག་ཚུར་འགུག

མ་འགུག་ལྕང་འབྲས་ཁ་ཁ།

       ༨༥

འགྲོ་དགོས་འགྲོ་དགོས་བསམ་ནས།།

རྟ་ལ་སྒ་གཅིག་བརྒྱབ་ཡོད།།

ཆུང་འདྲིས་ངོ་ལ་བལྟས་ནས།།

ཉིན་རེ་ཞག་རེ་ལྷག་ཐལ།།

       ༨༦

ཆུང་འདྲིས་ཁྱོད་ལ་ཅི་དགོས།།

ང་ལ་ཅི་དགོས་ལབ་རོགས།།

གནམ་མཁའི་སྐར་མ་དགོས་ན།།

སྐས་བརྒྱ་བཙུགས་ནས་ལེན་ཆོག།

       ༨༧

དཀར་ཡོལ་ཕྱི་ལ་དཀར་པོ།།

ནང་ལ་འོ་མ་དཀར་པོ། །

ཆུང་འདྲིས་བསམ་པ་དཀར་པོ།།

དཀར་པོ་ཆ་གསུམ་གྲ་འགྲིག

       ༨༨

ཆུང་འདྲིས་ཆུང་གི་དུས་སུ།།

གཅིག་ངོ་གཅིག་གིས་མི་ཤེས།།

ད་ནི་ཆུང་འདྲིས་ངེད་གཉིས།།

བྱ་མོ་གཅིག་གི་སྒོ་ང་།།

       ༨༩

རྟ་ཕོ་སིང་སིང་སང་སང་།།

ཁང་སྟོད་ཁང་ཞབས་རྒྱུག་བྱུང་།།

ཕ་མ་བཀའ་བཙན་ཆེ་བས།།

ཡར་ཤོག་ཟེར་ཁ་འཚེར་བྱུང་།།

       ༩༠

ཆུ་བོ་མར་འགྲོ་གཅིག་ལ།།

བྲིས་པའི་ཡིག་ཆུང་བསྐུར་ཡོད།།

ཉ་མོ་ཡར་ལ་འོང་ཡོད་ན།།

ཡིག་ལན་མགྱོགས་སེ་བསྐུར་རོགས།།

       ༩༡

ཡིད་ཆེས་མེད་པའི་མི་ལ།།

སྙིང་གཏམ་བཤད་སྔ་མ་བྱེད།།

འདྲིས་འདྲིས་མེད་པའི་རྟ་ལ།།

གསེར་སྒ་རྒྱག་སྔ་མ་བྱེད།།

       ༩༢

ཆུ་ལ་རྡོ་གཅིག་བརྒྱབ་ཡིན།།

ཉ་མོ་ཁྱོད་ལ་བརྒྱབ་ཡིན།།

གནམ་ལ་སྐས་གཅིག་བཙུགས་ཡིན།།

སྨན་དྲུག་ཁྱོད་ལ་བཙུགས་ཡིན།།

       ༩༣

ཆུ་བོ་བརྒྱུགས་སོང་མ་བསམ།།

འཛམ་གླིང་ལུས་སོང་མ་བསམ།།

ཆུ་བོ་གཡས་འཁོར་གཡོན་འཁོར།།

ཟམ་ཆུང་ཞབས་ལ་འཁོར་རོ།།

       ༩༤

བསམ་བསམ་སྐལ་བཟང་མེ་ཏོག།

འཛམ་གླིང་ཆུ་ཡི་ཁུར་ཐལ།།

མ་བསམ་སྟག་མའི་མེ་ཏོག།

རི་མགོ་ཡོངས་ལ་ཤར་བྱུང་།།

        ༩༥

ཆུ་ཆེན་པོ་འབྲི་ཆུ་ཟླ་ཆུ་རེད།།

དྲིན་ཆེ་བ་ལ་ཁའི་ཆུ་མིག་རེད།།

        ༩༦

ནམ་མཁའ་ཡར་གཅིག་ལྟ་རན།།

བྱུ་རུ་དམར་པོའི་མཆོད་རྟེན།། 

དབང་ཐང་ཅན་ཞིག་མིན་ན།།

མཇལ་ཁ་ཐོབ་ས་མ་རེད།། 

        ༩༧

ས་ཡར་ཡར་འགྲོ་དུས་ཡར་ཡར་སྐྱིད།།

ས་ཡར་ཡར་སྤང་དང་མེ་ཏོག་རེད།།

ས་མར་མར་འགྲོ་དུས་མར་མར་སྐྱིད།།

ས་མར་མར་འབྲུ་དྲུག་སྨིན་ས་རེད།།

        ༩༨

སྐྱིད་པོ་ཕ་ཡུལ་ལུང་པར།།

འགྲོ་འདོད་བསམ་པ་ལོས་ཡོད།།

ཆུང་འདྲིས་བྱམས་པའི་བཞིན་རས།།

མཇལ་འདོད་བསམ་པ་ལོས་ཡོད།། 

        ༩༩

ཕྲ་ནི་སྐུད་པ་ཕྲ་ཐལ།།

ཆུང་ནི་ཁབ་མིག་ཆུང་ཐལ།།

རྣོ་མོ་མིག་གི་བཀའ་དྲིན།།

    ཁབ་སྐུད་ཡག་པོ་འཕྲོད་བྱུང་།། 

        ༡༠༠

མཛེས་ཆེན་སྐལ་བཟང་མེ་ཏོག།

སེམས་ལ་ཤར་བ་ཚུན་ཆོད།།

ལམ་ཁའི་ས་དགྲ་མེ་ཏོག།

ལྟ་བའི་འདོད་པ་མི་འདུག།

        ༡༠༡

ཕར་ལ་མིག་གཅིག་ལྟ་ཡོད།།

ཚུར་ལ་སྤྱན་ཞིག་འཕངས་བྱུང་།

སྙིང་གཏམ་བཤད་ཁོམ་མེད་དུས།།

ལས་ཀྱི་བཀོད་ཐང་སླེབས་བྱུང།།

  • ལེ་ཚན་སྔོན་མ།:མདོ་ཁམས་གཡུ་ཁོག་ཡུལ་གྱི་གཏམ་དཔེ་སྐོར་གཅིག
  • ལེ་ཚན་རྗེས་མ།: འབའ་ཐང་གི་དམངས་ཁྲོད་ཀྱི་ཁེད་ཐོར་བུ།