སློབ་མ་ཞིག་དགེ་རྒན་བྱས་པའི་གཏམ་རྒྱུད།

མྱུག་ཆར།        2021-06-02

ང་ནི་སློབ་མ་ཞིག་ཡིན།ལས་སྐལ་རྨད་དུ་བྱུང་བ་ཞིག་གིས་སློབ་གླིང་འགའི་སྒོ་ཐེམ་བརྒལ་ནས་ཡི་གེ་འགའ་ངོ་ཤེས་པར་གྱུར།ཡི་གེ་འགའ་ཡི་བྱིན་རླབས་ཀྱིས་རང་ངོ་རང་གིས་ཟིན་ཙམ་བྱུང་།ནམ་རྒྱུན་ཡི་གེ་དེ་དག་བསྒྲིགས་ནས་རང་སྣང་གནམ་ལ་སྤུར་མྱོང་བས།གུ་དོག་ཁ་རུབ་ཀྱི་ནང་སེམས་ན་རང་ཉིད་ལ་འཇིག་རྟེན་ཆུང་ཆུང་ཞིག་ཡོད།

སློབ་ཆེན་གྱི་སྐབས་སུ།དཔེ་ཆ་འགའ་ལ་བལྟས་མྱོང་།དཔེ་ཆའི་ཁྲོད་ནས་གཅེས་ཕྲུག་འགའ་རྙེད་པར་གྱུར།གཅེས་ཕྲུག་དེ་དག་ལ་དགའ་བའི་སེམས་འདུན་གྱིས་གྲོགས་པོ་འགའ་ངོ་ཤེས།གྲོགས་པོ་དེ་དག་ནི་སློབ་གསོ་བ་དང་རྩོམ་པ་པོ་འགའ་རེ་ཡིན་པར་བཤད།ཁ་ནས་ལྷ་བཞེངས།ལག་ནས་སྣབས་ལུག་ཟེར་བ་ཅིས་མ་བདེན།གྲོགས་པོ་དེ་དག་ནི་ཚུལ་འཆོས་རིང་ལུགས་པ་འབའ་ཞིག་རེད།

ཕྱིས་སུ་རྒྱུས་ཡོད་ཡིན་ལ་རྒྱུས་མེད་ཡིན་པའི་ས་ཆ་ཞིག་ལ་དངོས་སྦྱོང་དུ་སོང་བ་ཡིན།དེ་ཡང་གཞན་གྱིས་བཀོད་སྒྲིག་མ་ཡིན་པར་གྲོགས་པོའི་རེ་སྐུལ་ཡིན་པས།དགའ་བཞིན་སྤྲོ་བཞིན་སོང་བ་ཡིན།གནས་དེར་བསླེབས་རྗེས།སྔར་དྲྭ་ལམ་སོགས་ནས་གོ་ཡང་མ་མྱོང་བའི་དགེ་གྲོགས་འགའ་ངོ་ཤེས།ང་རྒྱལ་མེད་ལ་སྐད་ཆ་ཡང་དམའ་ས་དམའ་ས་ཞིག་ནས་བཤད།ཅི་འདྲའི་བློ་ངོར་འབབ་པ་ཞིག་རེད་ཨང་སྙམ།

ཉིན་ཁར་ཉིན་བརྩེགས་ནས་ཟླ་གཅིག་ལྷག་ཕྱིན་སོང་།ཁོ་ཚོའི་རྣམ་འགྱུར་དང་སྐད་ཆ་ལ་འགྱུར་བ་མ་བྱུང་།ང་རང་ཡིད་ཀྱི་གཏིང་ནས་ཁོ་ཚོར་སྨོན་པ་ཤོར་སོང་།སྐབས་དང་སྐབས་སུ།ནོར་འཁྲུལ་རེའང་བཟོས་ཡོང་མོད།མང་ཤོས་ཤིག་གི་ལྷག་བསམ་ནི་ལྷད་མེད་པ་ཞིག་ཡིན་པས།གཅེས་ཕྲུག་དག་ལ་བསོད་ནམས་ཆེའོ་སྙམ་བྱུང་།

(དགེ་རྒན་སོ་སོས་ཟླ་བ་རེ་རེ་བཞིན་དུ་བྱིས་པ་དང་འབྲེལ་བ་ཡོད་པའི་དཔེ་ཆར་བལྟ་དགོས་ལ།དེ་ལ་བལྟས་རྗེས་རང་གི་མྱོང་ཚོར་ཡང་ཚང་མར་མཉམ་སྤྱོད་བྱ་དགོས།བྱིས་སྐྱོང་སློབ་གསོ་བ་ཞིག་ལ་ལག་ལེན་ཡོད་དགོས་པར་མ་ཟད།དཔེ་ཀློག་ཀྱང་ངེས་པར་དུ་ཡོད་དགོས་སྙམ།ལག་ལེན་མེད་པའི་དཔེ་ཀློག་ནི་ལུང་སྟོང་ནང་ལ་ཀི་བཏབ་ལྟ་བུ་ཞིག་ཡིན་ལ།དཔེ་ཀློག་མེད་པའི་ལག་ལེན་ནི་མུན་ནག་ནང་ལ་ལག་རྙོབ་བྱེད་པ་དང་མཚུངས་པས།མདོར་ན་ལག་ལེན་དང་དཔེ་ཀློག་གཉིས་ནི་བྱིས་པ་སྐྱོང་བའི་རྩ་གནད་ཡིན་པར་སྙམ།)

གཞན་ཁྱིམ་བདག་འགའ་ཡང་ངོ་ཤེས་པར་གྱུར།བགྲེས་པོ་ཡིན་རུང་དགེ་རྒན་ཞེས་གུས་གུས་བྱེད་ལ།རང་ཉིད་རང་ལ་ངོ་གནོང་དགོས་པ་ཞིག་ཏུ་བཏང་འགྲོ།དགེ་རྒན་ཚོར་རམ་འདེགས་བྱས་ཏེ་གཅེས་ཕྲུག་ཚོའི་སློབ་གསོའི་དམིགས་སུ་འཛིན་པས།ང་རང་སེམས་འགུལ་ཞིག་ཀྱང་ཐེབས་བྱུང་།དེ་ལ་རྒྱུ་རྐྱེན་གཉིས་ཡོད་དེ།ས་གནས་ཧྲིལ་བོར་འགྱུར་དང་བསྒྱུར་གྱི་ཐལ་རྡུལ་རླུང་བུས་གཡོགས་ཡོད་ཀྱང་།ཁོ་ཚོས་རང་ཉིད་ངོས་ཟིན་ཡོད་པ་དང་།གཉིས་སུ་རང་གི་གཅེས་ཕྲུག་གི་མ་འོངས་པ་ན་གཞོན་དགེ་རྒན་འགའ་ལ་ཡིད་ཆེས་ཀྱིས་བཅོལ་ཡོད་པ་དེའོ།།

དེ་དག་ལས་ལྷག་པ་ནི་གཅེས་ཕྲུག་དག་རེད།གཅིག་ལས་གཅིག་སྙིང་རྗེ་ལ།གཅིག་ལས་གཅིག་ཡིད་ལ་འབབ་པས།སྐབས་རེར་སློབ་གསོའི་བྱ་བ་སྒྲུབ་མཁན་གྱི་དགེ་རྒན་ང་ཚོས་ཀྱང་ཕྱོགས་རེས་འཆོར་གྱིན་འདུག ཡིན་ཡང་གྲོགས་པོས་ནམ་རྒྱུན་དགེ་རྒན་ཚོའི་སྐྱོན་ཕྲན་བུ་རེ་ཡིན་ཡང་སྦ་གསང་མེད་པར་འཆད་བཞིན་ཡོད་པས།དགེ་རྒན་ཚོས་བྱིས་པ་རེ་རེ་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་ཅི་ཐུབ་བྱེད་བཞིན་ཡོད།སྤྱིར་མི་རེ་རེ་ལ་དགའ་སྐྱོ་ཆགས་སྡང་ཡོད་པ་དང་།དགའ་སྐྱོ་ཆགས་སྡང་གི་སྣེ་དང་ཟུར་མི་འདྲ་བ་རེ་ན་འདྲ་མཉམ་ཡིན་ལ་འདྲ་མཉམ་མིན་པའི་སྣང་ཚུལ་སྣ་ཚོགས་ཚོགས་ཡོད་མོད།དགེ་རྒན་ཞིག་གིས་སློབ་མ་སོ་སོར་ཕྱོགས་རེས་མེད་པ་ལྟ་བུའི་སྐད་ཆ་བཤད་པ་དེ་ནི་སྐྱག་རྫུན་ཁོ་ན་རེད་སྙམ་ལ།རང་ངོས་ནས་ཀྱང་བསམ་དབང་དྲན་དབང་མེད་པའི་དུས་དང་སྐབས་ལན་རེར་ཕྱོགས་རེས་ཀྱི་བྱ་བ་མང་པོ་སྒྲུབ་བཞིན་འདུག།

གཅེས་ཕྲུག་ཚོ་དང་འགྲོགས་ནས་འདྲིས་པའི་གོ་རིམ་ཁྲོད་དུ།ངས་རང་ལ་སྐད་ཆ་འདི་འདྲ་ཞིག་འཆད་ཀྱིན་ཡོད།“བློ་བག་ཡངས་པོས་བྱིས་པར་རྩེད་མོ་རྩེ་རོགས་གནོངས།ཆུ་ཚོད་འཕྲོ་བརླག་དང་སྙིང་བོ་མེད་པའི་ལས་ཤིག་ལ་ནམ་ཡང་མི་བསམ་རོགས།”བྱིས་པར་རྩེ་རོགས་བྱས་པ་ནི་དོན་ལ་བྱིས་པར་སློབ་གསོ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད།ང་ཚོས་བྱིས་པ་རྣམས་སློབ་ཁང་ནང་དུ་བཅུག་ནས་འདི་བྱེད་མི་ཉན་རབས་དང་གན་ཡང་བྱེད་མི་ཉན་རབས་བཤད་རྗེས་སློབ་གསོའི་དམིགས་ཡུལ་འགྲུབ་སོང་བ་ལྟ་བུའི་འདུ་ཤེས་འཛིན་མོད།དོན་ལ་བྱིས་པའི་སློབ་ཁང་ངོ་མ་ནི་སྒེའུ་ཁུང་ཕྱི་རོལ་ན་ཡོད་པར་མ་ཟད།རིན་ཐང་གཞལ་དུ་མེད་པའི་སློབ་གསོ་ཡང་ཕྱི་རོལ་ཡུལ་ནས་མྱོང་ཐུབ།འཛམ་གླིང་ན་སྐད་གྲགས་ཆོད་པའི་གསར་གཏོད་པ་དང་ཚན་རིག་པ་དེ་དག་གི་ལོ་རྒྱུས་ལ་ལྟོས་དང་།གནད་དེ་ང་ཚོས་རྟོགས་ཐུབ།རང་ངོས་ནས་ནམ་རྒྱུན་འདུ་ཤེས་དེའི་ངོས་ནས་བྱིས་པར་རྩེ་རོགས་བྱེད་ཀྱིན་ཡོད་ལ།རྩེ་རོགས་བྱེད་པའི་གོ་རིམ་ཁྲོད་ནས་ཁོ་ཚོར་གནས་ལུགས་འགའ་རེ་ཡང་ངོ་སྤྲོད་བྱས་པ་ཡིན།དུས་ཡུན་ཐུང་ཐུང་ཡིན་པས།ཁོ་ཚོར་ཕན་པ་རྒྱ་ཆེན་པོ་ཡོད་མི་སྲིད་མོད།ནམ་རྒྱུན་བྱིས་པར་རང་བྱུང་ཁམས་ལ་ཁྲིད་ནས་ཆོས་ཉིད་མང་པོ་ཞིག་མྱོང་དུ་འཇུག་དགོས་པའི་ངེས་ཤེས་རུས་པའི་གཏིང་ལ་སིམ་ཡོད།

ཟླ་ངོ་འདི་དག་བརྒྱུད་རྗེས།གཟོད་བྱིས་པ་སྐྱོང་མཁན་གྱི་དགེ་རྒན་ཞིག་ལ་ཡོན་ཏན་ཡོད་པ་ཙམ་གྱིས་མི་ཆོག་པར་ཐབས་ཤེས་དགོས་པ་དང་།ཐབས་ཤེས་ཡོད་པ་ཙམ་གྱིས་ཀྱང་མི་ཆོག་པར་དམིགས་ཡུལ་དགོས་པ།དམིགས་ཡུལ་ཡོད་པ་ཙམ་གྱིས་ཀྱང་མི་ཆོག་པར་ལྷག་བསམ་ལྡན་དགོས་པའི་ངོས་ཟིན་ཐོབ།གལ་སྲིད་དགེ་རྒན་ཞིག་ལ་ཆ་རྐྱེན་འདི་དག་གི་ནང་ནས་གཅིག་མེད་སོང་བ་ཡིན་ན།དེ་ལ་རྟེན་ཅིང་འབྲེལ་འབྱུང་གིས་ནོར་འཁྲུལ་མང་པོ་ཞིག་འབྱུང་ངེས་ཡིན།ང་དང་ང་ལྟ་བུ་དག་ལ་འདི་དག་གི་ཁྲོད་ཀྱི་གཅིག་ཀྱང་མེད་པས།དཀའ་ངལ་མང་པོ་ཞིག་ལ་ཕྲད་དང་འཕྲད་མུས་སུ་འདུག དཔེར་ན་ངས་གཅེས་ཕྲུག་ཚོར་བོད་ཡིག་གི་གསལ་བཤད་ཡི་གེ་ཁྲིད་པ་ཡིན།དང་ཐོག་དེ་ལ་དཀའ་ངལ་ཅི་ཡང་མི་འདུག་སྙམ་མོད།ཡི་གེ་རེ་རེ་ཡི་སྨྱུག་རིམ་དང་སྒོས་སུ་འབྲི་སྟངས་ཀྱི་སྐོར་ལ་བློ་རྨོངས་པས།ཡིད་ཚོད་ཀྱིས་མི་འབྲི་ག་མེད་བྱུང་།ང་ལ་ཡིག་གཟུགས་འབྲི་མཁན་གྱི་གྲོགས་པོ་ཞིག་ཡོད།ཁ་སང་ཁོའི་སར་ཡོང་ནས་ཡིག་གཟུགས་དང་འབྲེལ་བ་ཡོད་པའི་དཔེ་ཆ་ཞིག་ལ་རགས་ཙམ་བལྟས་རྗེས།སེམས་པ་བློང་བློང་པོར་གྱུར་སོང་།ཡིད་ཀྱི་མྱོང་སྟངས་ཤིག་ལ།དགེ་རྒན་ཚོས་ཕྱོགས་སོ་སོའི་ཤེས་བྱར་སློབ་སྦྱོང་མ་བྱས་ན་འགྲིག་གི་མི་འདུག་བསམས་བྱུང་ལ།ང་ཚོའི་དགེ་རྒན་མང་པོ་ཞིག་གིས་ཤེས་བྱ་མང་པོ་ཞིག་འོལ་ཚོད་ཀྱིས་བྱིས་པར་ཁྲིད་པའི་ཉེས་པར་ཡང་བསམ་བློ་མི་གཏོང་ག་མེད་བྱུང་།དེ་བཞིན་ཐབས་ཤེས་ཀྱང་དགོས་པ་ཡིན།ལུས་དང་ངག་གི་རྣམ་འགྱུར་རེ་རེ་ཡིས་བྱིས་པའི་ཡིད་ཀྱི་དང་བ་འདྲེན་ནུས།ང་རང་ཐོག་མར་ཡོང་དུས་བྱིས་པ་ཚོར་ཅི་ཞིག་བྱེད་ཀྱང་ཁོ་ཚོས་ཁ་མི་ཉན།ཕྱིས་སུ་འགྲིག་གི་མི་འདུག་སྙམ་ནས་བྱིས་པར་དོ་དམ་བྱེད་ཐབས་ཀྱི་དཔེ་ཆ་ཞིག་ལ་བལྟས་པ་ཡིན།དེ་ལས་ངས་བྱིས་པའི་ཡིད་ཀྱི་དང་བ་འདྲེན་དགོས་པ་ཤེས་རྟོགས་བྱུང་ལ།སྔོན་ཆད་རང་ངོས་ནས་ཀྱང་༼ སེམས་ཁམས་ལ་དོ་དམ་བྱས་པ་དོན་ལ་བྱིས་པ་ཁོ་རང་ལ་དོ་དམ་བྱེད་པ་ཡིན༽ ཞེས་པ་ཞིག་ཀྱང་བྲིས་ཡོད་པ་ཡིད་ལ་དྲན།ངས་སྐད་གདངས་མི་འདྲ་བ་དང་རྣམ་འགྱུར་མི་འདྲ་བ།ཡང་ན་ཁོ་ཚོའི་ལུས་སྟེང་གི་དགེ་མཚན་བཙལ་ནས་བྱེ་བྲག་གི་བསྟོད་པ་བྱེད་པ།ཡང་ན་ཁོ་ཚོར་རེ་རེ་ཡི་དགའ་ཕྱོགས་སོགས་ཕྱོགས་ཡོངས་ལ་རྒྱུས་ལོན་བྱས་རྗེས།ཁོ་ཚོར་དོ་དམ་བྱེད་པ་དེ་ཡང་ལས་སླ་མོ་ཞིག་ཏུ་གྱུར་སོང་།དེ་བཞིན་དམིགས་ཡུལ་ངེས་གཏན་ཞིག་མེད་པ་དང་ལྷག་བསམ་བཟང་པོ་ཞིག་མེད་པའི་དགེ་རྒན་ཚོས་རང་གི་རིགས་སུ་གཏོགས་པའི་བྱིས་པ་རྣམ་དཔྱོད་ཅིག་གསོ་སྐྱོང་བྱ་དཀའ་བར་འདོད།

བྱིས་པ་དང་དགེ་རྒན།ཁྱིམ་བདག་དང་སློབ་གྲོགས་སོགས་ཀྱི་རྒྱབ་ལྗོངས་ན་ཡང་གཏམ་རྒྱུད་ཅིག་ཡོད།དེ་ནི་ང་རང་གི་གྲོགས་པོའི་གཏམ་རྒྱུད་ཡིན།ངའི་གྲོགས་པོའི་མིང་ལ་ཚེ་རིང་དོན་འགྲུབ་ཟེར།མང་པོ་ཞིག་གིས་མིང་ལ་སྤྱི་རྒན་ཟེར་གྱིན་ཡོད།ངེད་གཉིས་ཐོག་མར་ངོ་ཕྲད་ས་ནི་ཉི་མ་བླ་བྲང་ཡིན།ཉིན་དེའི་མཚན་མོར་ངས་ཁོ་ལ་རང་གིས་བྲིས་པའི་སྙན་དེབ་ཐོག་མ༼ གྲིབ་མའི་ལྷན་པ༽ ཞེས་པ་སྐྱེས་སུ་ཕུལ་བ་ཡིན།ཞར་ནས་ཁ་བརྡ་ཞིག་ཀྱང་བྱས་མྱོང་།ངས་མང་པོ་ཞིག་མ་བཤད་མོད།ཁོས་ཁོ་རང་ད་ལྟ་སློབ་ཆེན་ན་ཡོད་རབས།སློབ་གསོ་གཙོ་བོར་བྱས་ཏེ་དཔེ་ཆ་ལྟ་བཞིན་ཡོད་རབས།བྱིས་པའི་སློབ་གསོ་ལ་ལྷག་ཏུ་དོ་སྣང་བྱེད་བཞིན་ཡོད་པ་སོགས་བཤད་རྗེས།གནད་དོན་རེ་འགའ་ཡང་ཤར་མར་བཤད་བྱུང་།ང་རང་ཧ་ལས་པར་གྱུར།དེ་ཡི་དུས་ནས་བཟུང་ངས་ཁོ་ལ་དོ་སྣང་བྱེད་མགོ་བརྩམས་པ་ཡིན།ནམ་རྒྱུན་སྐད་འཕྲིན་གྱི་བར་སྟོང་ནས་ཡིད་ལ་འབབ་པའི་སྐད་ཆ་རེ་མཐོང་དུས་ང་རང་ལྷག་ཏུ་ཁོ་ལ་དགའ་བར་གྱུར།ཡིད་ལ་ཡང་མ་དྲན་པ་ཞིག་ལ།གྲོགས་པོ་སློབ་མཐར་ཕྱིན་རྗེས།ལས་ཁུངས་མང་པོ་ཞིག་གིས་གདན་ཞུ་བྱས་ཀྱང་མ་སོང་བར་རང་ས་རང་ཡུལ་ན་བྱིས་སྐྱོང་ཁང་ཞིག་བཙུགས་ཡོད་པ་དང་ས་གནས་དེའི་སྐད་གཉིས་བྱིས་སྐྱོང་ཁང་ཐོག་མ་ཡིན་རབས་བཤད།དེའི་དུས་ཁོ་བོའི་དཀའ་ཁག་གི་ལམ་བུ་དང་ལམ་གྱི་བདེ་སྡུག་སོགས་ཅི་ཡང་མ་ཤེས་མོད།ད་ཐེངས་ཁོས་བཙུགས་པའི་བྱིས་སྐྱོང་ཁང་ནས་ཟླ་བཞི་ལྷག་བསྡད་པའི་དུས་ཡུན་འདིའི་ནང་དུ།བཤད་ཀྱང་རློམ་པར་དཀའ་བའི་དོན་དག་མང་པོ་ཞིག་ཤེས་རྟོགས་བྱུང་།གྲོགས་པོ་ཁོ་རང་སློབ་གྲྭ་ནས་སྡོད་དབང་མེད་པར་བྱིས་པ་ཚོའི་མ་འོང་བའི་ཆེད་དུ་འདུར་རྒྱུག་བྱེད་བཞིན་ཡོད་པས།ངས་ནི་སེམས་གཏིང་ནས་ཁོང་ལ་བཀའ་དྲིན་ཆེ་ཞུ་ན་འདོད་ལ།སློབ་གསོ་ཟེར་བ་དེ་ཡང་ཁ་བཤད་ཙམ་གྱིས་འཁྱོངས་འགྲོ་བ་ཞིག་གཏན་ནས་མིན་པའི་གནས་ལུགས་ཀྱང་རྟོགས་སོང་།

མདོར་ན།འདྲིས་པར་གྱུར་བའི་དགེ་རྒན་དང་རྒྱབ་ན་ཀེར་རེར་ལངས་པའི་ཁྱིམ་བདག སྙིང་དུ་སྡུག་པའི་གཅེས་ཕྲུག་ཚོས་ང་ལ་སྔར་མེད་ཀྱི་སྤོབས་པ་ཞིག་བསྩལ་བྱུང་ལ།སློབ་གསོ་ཟེར་བ་དེ་ཡང་མི་གཅིག་གིས་འགྲུབ་ཐབས་མེད་པར།སློབ་གྲྭ་དང་དགེ་རྒན།ཁྱིམ་བདག་སོགས་ཀྱིས་མཉམ་རུབ་བྱ་དགོས་པ་ཞིག་ཡིན་པར་མ་ཟད།གྲོགས་པོ་ཁོང་དང་ཁོང་ལྟ་བུའི་ཤེས་ཡོན་པའི་ལྷག་བསམ་ཡང་ངེས་པར་དུ་ཡོད་དགོས་པར་སེམས་སོ།།



  • ལེ་ཚན་སྔོན་མ།:གཏམ་རྒྱུད་ཅིག་གི་ལྷག་འཕྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།