ཁམས་ལི་ཐང་བཞག་པའི་གནའ་བོའི་སྲོལ་རྒྱུན་སྒྱུ་རྩལ་དང་འབྲེལ་བའི་གཏམ།

ཚུལ་ཁྲིམས་དཔལ་བཟང་།        2021-10-12

   

ཁམས་ལི་ཐང་བཞག་པའི་གནའ་བོའི་སྲོལ་རྒྱུན་སྒྱུ་རྩལ་དང་འབྲེལ་བའི་གཏམ།

  ཁམས་ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཡོད། གནས་མཆོག་ལི་ཐང་གི་ཡུལ་ལྗོངས་ནི། རྩྭ་ཐང་དང་མེ་ཏོག རྫ་རི་དང་སྤང་རི་གངས་རི། རྫ་ཆུ་དང་གཙང་ཆུ་ནགས་ཀླུང་ལ་སོགས་པའི་ཆགས་དབྱིབས་ནི་མཛེས་རིས་ལྟར་ཡིད་དབང་འཕྲོག་པའི་གནས་མཆོག་ཉམས་དགའ་ཞིང་བག་བྲོ་བ་ཞིག་ཡིན། ལི་ཐང་ནི་བྲོ་གཞས་དང་རྟ་རྩལ་སོགས་གནའ་བོའི་སྒྱུ་རྩལ་གྱིས་ཕྱུག་པའི་ཕ་ས་དང་ཁམས་པའི་ཕོ་རྒོད་དུ་མའི་འབྱུང་གནས་བཅས་ཀྱི་མཚན་སྙན་ཡོད་པའི་ས་གནས་ཤིག་ཡིན། སྐབས་འདིར་གླེང་བྱ་གཙོ་བོ་ནི་བཞག་པའི་གནའ་བོའི་སྲོལ་རྒྱུན་སྒྱུ་རྩལ་སྐོར་ཡིན། བཞག་པ་ནི་ལི་ཐང་རྫོང་གི་ཁོངས་གཏོགས་ཡིན་ལ་ལི་ཐང་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ༧༧མཚམས་སུ་ཡོད། འཚོ་གནས་ནི་ཞིང་འབྲོག་གཉིས་ལས་ཞིང་པ་ཡིན་ལ་འགའ་ཞིག་ལ་ཡང་ཞིང་འབྲོག་གཉིས་ཆ་ཡོད། ཆགས་ཡུལ་ནི་རྫ་རི་དང་ནགས་ཀླུང་སྤང་ལྗོངས་མེ་ཏོག་སྣ་ཚོགས་མཛེས་སྡུག་གི་རྣམ་པར་བཀྲ་བ་ཡིན་ལ། གཙུང་ཆུ་སྔོན་པོ་གྱ་གྱུར་གཡོ་བའི་ཕ་རོལ་དང་ཚུ་རོལ་གཉིས་ལ་སྐྱིད་ཉམས་ལྡན་པའི་གྲོང་པ་དང་། མགོ་ལྕོགས་ལྡེམ་པའི་ཀུ་ཤུ་དང་ཁམ་བུ་ལ་སོགས་ཤིང་ཏོག་གི་རིགས་དང་། གྲོ། ནས། སྲན་མ། བྲ་བོ། སོ་བ་ལ་སོགས་འབྲུ་རིགས་རྣམས་ཀྱི་རྩི་ཐོག་གི་ཁ་ཞག་ཆག་པའི་ཉམས་དགའ་བའི་མཛེས་ལྗོངས། གཟི་བརྗིད་ཆེ་བའི་གཡུང་དྲུང་བོན་དང་རྙིང་མ་ས་སྐྱ་དགེ་ལུགས་བཅས་ཆོས་ལུགས་ཆེན་པོ་བཞི་ཡོད། གྲོང་མཐར་ན་ཡང་བྱིན་ཆེན་བའི་གནས་རི་ཆེན་པོ་སེང་གེ་གནམ་རྫོང་ངམ་སྣ་བྲག་དཀར་ལ་སོགས་པའི་གནས་རི་རྩ་ཆེན་པོ་དུ་མའི་མཐར་རྟེན་གྱི་ཚུལ་དུ་ཡོད་པས་ཡུལ་ལུང་ལ་ནད་མུག་ལ་སོགས་འགོག་པའི་ལོ་རྒྱུས་བཤད་ཀྱི་ཡོད། གྱོན་གོས་ནི་བོད་སྤྱི་དང་མཐུན་པ་མང་ལ། བཞག་པའི་ཐུན་མོང་མ་ཡིན་པའི་གྱོན་གོས་ནི་ཕོ་རྣམས་ཀྱི་འབུ་རས་ཀྱི་སྟོད་གོས་དང་དོར་མ།རྒྱུ་བལ་སྐུད་ལས་བཏགས་པའི་ཕྱུ་བ་དཀར་པོ།བོད་ལྷམ་མཐིལ་ཀྲད་མ་སོགས་ཡོད། རྒྱན་ཆ་ནི། ཕོ་རྣམས་ཀྱིས་ལྟག་སྐྲ་ལྷས་ཏེ་སྐྲ་རྒྱན་སྟོང་སྐུད་ཚར་ལོ་སྟོང་སྐུད་ཚར་བུའི་ཐོད་བཅིངས།རྒྱུ་གསེར་རམ་དངུལ་ལས་གྲུབ་པའི་མེ་ཏོག་ལ་བྱུ་རུའི་ཕྲ་དཀྱིལ་དུ་ཆེན་པོ་གཅིག་དང་ལོག་གཉིས་ལ་ཕྲ་གསུམ་རེ་བཅས་ཕྲ་བདུན་བཏབ་པ་དང་། གཡང་ཏྲི་དང། བ་སོ་ལ་སོགས་ཀྱིས་ཐོད་ཀོར་བརྒྱན་གྱི་ཡོད། སྐེད་པ་ལ་དངུལ་གྲི་དང་ལྕགས་དམར༼ མེ་ཆ༽ སོགས་གནའ་བོའི་རྒྱན་ཆ་མ་ཉམས་པ་འདོགས་སྲོལ་ཡོད་། བུ་མོ་རྣམས་ཀྱི་གྱོན་གོས་རྒྱུ་བལ་ཐག་ལས་གྲུབ་པའི་ལྭ་རིང་ཆུབ་བརྒྱ་མ༼ སྣམ་ལྭ་ནག་པོ་སུལ་བུ་བརྒྱ་ཕྲག་ཡོད་པ་ཞིག༽ དང་འབུ་རས་སྟོད་གོས་གྱོན་གྱི་ཡོད། སྐྲ་ལན་བུ་བསླས་ནས་གཡུ་དང་བྱུ་རུ་སྤོས་ཤེལ་སོགས་སྐྲ་ཡི་རྒྱན་ཆ་དང་གསེར་དངུལ་གྱི་གའུ་ལ་བྱུ་རུའི་ཕྲ་རྒྱན་དང་རྣ་རྒྱན་བྱུ་རུའི་སྐེ་རྒྱན་ཧ་ཅང་ཆེན་པོ་མ་ཡིན་པ་ཆ་མཉམ་པོ་ཞིག་འདོགས་སྲོལ་ཡོད། སྐེད་པ་ལ་རྒྱུ་གསེར་དངུལ་ལས་གྲུབ་པའི་ཆབ་མ་དང་ཁབ་ཤུབས་སྦ་ཁུག་གློ་ཆབ་ལ་སོགས་རྒྱན་ཆ་རྣམས་མཛེས་ཉམས་དོད་ཅིང་ཡིད་དུ་འོང་བ་འདོགས་སྲོལ་ཡོད།བཞག་པའི་ཞབས་བྲོའི་སྒྱུ་རྩལ་ནི། སྤྱིར་སྒྱུ་རྩལ་ཞེས་པ་ནི་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ལས་བྱུང་ཞིང་། ཡིད་དབང་གཡོ་བར་བྱེད་པའི་ལུས་ངག་ཀྱི་རྩལ་ནུས་ལྡན་མ་ཡིན་པ་ཞིག་ལ་གོ་དགོས་ལ། དེ་ལ་དབྱེ་ན་ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་སོགས་མང་། བཞག་པའི་ཞབས་བྲོའི་སྒྱུ་རྩལ་ནི་ལུས་ངག་གཉིས་ཀྱི་སྒྱུ་རྩལ་ལྡན་ཞིང་མཉེན་ལྕུགས་འཁྲུལ་ལྡེམ་གྱི་ལུས་ཀྱི་སྒྱུ་རྩལ་དང་། ཚིག་སྙན་ལ་ནང་དོན་ཕུན་སུམ་ཚོགས་པའི་འགྱུར་ཁུག་ངག་གི་སྒྱུ་རྩལ་གཉིས་ཟུང་འབྲེལ་གྱི་སྒོ་ནས་ཞབས་བྲོ་འཁྲབ་ཀྱི་ཡོད།བཞག་པའི་ཞབས་བྲོ་དང་གླུ་དབྱངས་སོགས་གནའ་སྔ་མོའི་དུས་སུ་མིའི་རྣམ་དཔྱོད་ཡར་རྒྱས་སུ་སོང་སྟེ་ཤེས་རིག་དར་བ་ནས་བཟུང་མེས་པོ་གོང་མའི་སྲོལ་རྒྱུན་རྣམས་རིམ་གྱིས་བརྒྱུད་ནས་བྱུང་བ་ཞིག་ཡིན།  བྲོ་ལ་རིགས་མང་ཞིང་ལོ་རྒྱུས་མི་སྣ་གྲགས་ཅན་ལ་བསྟོད་པ། ཡབ་མེས་ཀྱི་མཛད་རྗེས་ལ་བསྔགས་པ་སོགས་བསྟོད་བྲོ་རིགས་མང་པོ་ཡོད། དཔེར་ན། གངས་དཀར་པོའི་དབུ་རྩེ་གོང་མ་ན།།འཇའ་ཁ་དོག་སྣ་ལྔའི་གུར་ཁྱིམ་ན།།གསེར་ཉི་མ་ལྷང་ལྷང་ཤར་འདྲ་བོ།།རྗེ་བླ་མའི་ཞལ་རས་སེར་པོ་རེད།། གངས་དཀར་པོའི་དབུ་རྩེ་བར་མ་ན།།སྤྲིན་དཀར་པོ་འཁྱིལ་བའི་གདན་སྟེང་ན།།ལྷོ་གཡུ་འབྲུག་སིང་སིང་གྲགས་འདྲ་བོ།།རྗེ་བླ་མའི་བཀའ་གསུང་སྙན་མོ་རེད།། གངས་དཀར་པོའི་དབུ་རྩེ་ཞོལ་མ་ན།།དགུང་ཨ་སྔོན་འདྲ་བའི་སྤང་ཁུགས་ན།།ཁྲ་ལམ་མེར་སྐར་ཚོགས་བཞད་འདྲ་བོ།།རྗེ་བླ་མར་མཇལ་བའི་བུ་སློབ་རེད།། ཅེས་པ་ལྟ་བུ་དང།  འཛོམས་བྲོ་ནི་དཔེར་ན། གོང་བླ་མ་རྣམ་པ་དེ་གསུམ་ཡག།གོང་བླ་མ་དུས་གསུམ་སངས་རྒྱས་དེར།།ཆོས་སྙིང་པོ་འཛོམས་པའི་སྨོན་ལམ་ཡོད།། གོང་དཔོན་པོ་རྣམ་པ་དེ་གསུམ་ཡག།གོང་དཔོན་པོ་འཁོར་གསུམ་དབང་འདུས་དེར།།ཁྲིམས་བཀའ་ཁྲིམས་འཛོམས་པའི་སྨོན་ལམ་ཡོད།། ཕ་ཁུ་བོ་རྣམ་པ་དེ་གསུམ་ཡག།ཕ་ཁུ་བོ་རི་རྒྱལ་ལྷུན་པོ་དེར།།གཏམ་སྨྲ་ལྕེ་འཛོམས་པའི་སྨོན་ལམ་ཡོད།། མ་ཨ་སྲུ་རྣམ་པ་དེ་གསུམ་ཡག།།མ་ཨ་སྲུ་མ་ཕམ་གཡུ་མཚོ་དེར།།ཟས་དཀར་གསུམ་འཛོམས་པའི་སྨོན་ལམ་ཡོད།། ཆུང་ན་གཞོན་རྣམ་པ་དེ་གསུམ་ཡག།།ཆུང་ན་གཞོན་ལོ་ཡག་སྙེ་མ་དེར།།དྲིན་ཕ་མ་འཛོམས་པའི་སྨོན་ལམ་ཡོད།།ཅེས་སོགས་མི་རབས་རྗེས་མར་སྐུལ་བ། བག་མ་དང་ཐག་རིང་འགྲོ་མཁན་རྣམས་ལ་འགྲོ་བྲོ་སྐྱེལ་མ། ལྷ་གསོལ་སྐབས་དང་བག་སྟོན་རྣམས་ཀྱི་སྐབས་སུ་གཡང་བྲོ་སོགས་ཚིག་སྙན་ཞིང་སྒེག་ཉམས་ཀྱི་སྟངས་སྟབས་མཛེས་པ་སོགས་ཀྱི་ཁྱད་ཆོས་མང། ལོ་གསར་དང་དབྱར་གྱི་སྤྲོ་སྐྱིད་སྐབས་སུ་ངེས་པར་དུ་གོང་དུ་བཤད་པའི་གྱོན་ཆས་དེ་དག་གོན་ཏེ་གཟབ་སྤྲོད་བྱེད་ཀྱི་ཡོད། དེའི་སྐབས་སུ་སྔ་དྲོ་རྟ་རྒྱུག་གི་སྒྱུ་རྩལ་ལ་རོལ་བའི་ཕོ་རྒོད་རྣམས་ཀྱིས་རྟ་རྒྱུག་གི་སྒྱུ་རྩལ་ངོམ་པའི་གཟི་བརྗིད་ཨ་སྔོན་དགུང་ལ་བསྟོད་། ཕྱི་དྲོ་ཞབས་བྲོའི་སྒྱུ་རྩལ་ལ་རོལ་ཏེ་བྲོ་བ་རྣམས་སྤྲོ་སེམས་འཁོར་བའི་འཛུམ་མདངས་ཤིག་ཤིག་ངང་ནས་བྲོ་ར་དབུ་འཛུག་སྟེ། གཡང་བྲོ་དང་བསྟོད་བྲོ་ཕོ་མོའི་བརྩེ་དུང་སོགས་བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་བརྗོད་བྱེད་ཚིག་སྦྱོར་སྙན་པ་གང་ཞིག་ཕན་ཚུན་ཁ་གཏད་དུ་ཞབས་བྲོ་འཁྲབ་སྲོལ་ཡོད་ལ། འགྲན་སྡུར་གར་པོ་ཐུག་ཚེ་ཉིན་ཁ་ཤས་ལ་ཡང་མཚམས་མི་འཇོག་ནས་འཁྲབ་སྲོལ་ཡོད། བྲོ་ཡི་སྟངས་སྟབས་ལ་ཡང་ལག་པའི་སྟངས་དང་རྐང་པའི་སྟངས་གཉིས་ཡོད་། བུ་དང་བུ་མོའི་འཁྲབ་འཁྱེར་སྤྱིར་བཏང་ནས་གཅིག་པ་ཡིན་ཡང་བུའི་སྟངས་སྟབས་དྲག་ཅིང་བུ་མོའི་སྟངས་སྟབས་ཞན་པའི་ཁྱད་པར་ཡོད། བྲོ་མཚམས་འཇོག་སྐབས་སུ་བཀྲ་ཤིས་སྨོན་ལམ་ཀྱི་བྲོ་འཁྲབ་སྟེ་བྲོ་པ་རྣམས་ཀྱིས་འབྲུ་རིགས་སྣ་ཚོགས་མཆོད་ནས་བཀྲ་ཤིས་ལོ་ལེགས་དང་ལོ་རྗེས་མར་ཡང་ནད་མེད་ཚེ་རིང་ངང་ནས་སླར་ཡང་འཛོམས་པའི་སྨོན་ལམ་བཟང་པོ་བརྒྱབ་སྟེ་བྲོ་ཡི་མཇུག་བསྡུ་ཡི་ཡོད། ལི་ཐང་ཚངས་དབྱངས་རྒྱ་མཚོ་མཇལ་བ་ཞེས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་བཞག་བྲོ་འཁྲབ་ནས་གཟེངས་རྟགས་དང་བྱ་དགའ་ཐོབ་མྱོང་ཡོད་།བཞག་པ་ནི་གནའ་བོའི་སྒྱུ་རྩལ་གྱིས་ཕྱུག་པའི་ཕ་ས་ཞིག་ཡིན། སྐད་ཀྱི་ཆ་ནས་ཀྱང་བརྡ་རྙིང་མང་པོ་ད་ལྟ་སྐོར་སྤྱོད་བྱེད་བཞིན་ཡོད། དཔེ་མཚོན་ཞིག་ཞུས་པ་ཡིན་ན་མེ་ལ་མྱེ་དང་མི་ལ་མྱི་མིག་ལ་མྱིག་ཟེར་བ་ནང་བཞིན་རེད། དེ་མ་ཚད་བྲོ་གཞས་གླུ་གསུམ་དང་། རྟ་རྒྱུགས་དང་མདའ་རྩེས་བྲོ་སོགས་ལ་ཧ་ཅང་མཁས་པ་ཡིན།  གནའ་བོའི་སྒྱུ་རྩལ་དང་གོམས་གཤིས་ལ་འབྲེལ་བའི་གླུ་གཞས་ཀྱི་རིགས་མི་འདྲ་བ་མང་པོ་ཡོད། དཔེར་ན་ལ་གླུ་དང་། བརྩེ་དུང་གི་གླུ། གླུ་ཤགས་དང་གཞས་མོ་འདེབས་པའི་གླུ།  བཞོ་མས་བཞོ་གླུ་དང་། རྫི་གླུ་དང་། སྟོན་ཐོག་བཅད་པའི་གླུ། ནས་རྡུང་ཞོར་གྱི་གླུ།  གྱང་རྡུང་བའི་གླུ་དང་། ལྷག་ཏུ་མ་ཏྲི་མགུར་དབྱངས་སོགས་སྙིང་པོ་རྣམས་གསུམ་རྒྱང་འབོད་བཅས་དབྱངས་སུ་གྱེར་ནས་ལེན་སྲོལ་བཟང་པོ་དེས་དཀའ་ཁག་ལ་འཕྲད་སྐབས་སེམས་ཤུགས་མི་ཉམས་པའི་སླད་དུ་མེ་ཏོག་ལ་ཉི་ཟེར་ཕོག་པ་ལྟར་ནུས་པ་ཆེན་པོ་མཁོ་འདོན་སྤྲོད་པ་ནི་སྨོས་མ་དགོས་པ་རེད། བཞག་པའི་རྟ་རྒྱུག་སྒྱུ་རྩལ་ནི་ལི་ཐང་རྫོང་ཐོག་ལ་རྟ་རྒྱུག་གི་འགྲན་སྡུར་ལ་ཞུགས་སྐབས་ཨང་དང་པོའི་བྱ་དགའ་ཐོབ་མྱོང་ཡོད་། གོང་དུ་བཤད་པའི་སྒྱུ་རྩལ་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱས་ཏེ་བཞག་པའི་ཡུལ་མི་རྣམས་ཀྱིས་རྒྱུན་སྐྱོང་གནང་བཞིན་པ་བཅས་སོ།།

ཁམས་ལི་ཐང་བཞག་པའི་གནའ་བོའི་སྲོལ་རྒྱུན་སྒྱུ་རྩལ་དང་འབྲེལ་བའི་གཏམ།


  • ལེ་ཚན་སྔོན་མ།:ལི་ཆུ་སྔོན་མོའི་འགྲམ་གྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།