རྒྱ་ཕིབས་འོག་ནས་ཨ་ཕ་དྲན་པ།

ཁམས་སྨྱོན་ཧེ་རུ་ཀ        2022-07-22

ང་ཚོགས་ལ་འགྲོ་དུས།

རྒྱ་ཕིབས་འོག་གི་གཡེར་དྲིལ།

སྐྱི་བསེར་རླུང་བུས་ཡང་ཡང་བསྒུལ།

རྒྱ་ཕིབས་འོག་ནས་ཨ་ཕའི་རྒྱབ་གཟུགས་དྲན་ཡོང་།

རྒྱབ་གཟུགས་ནི་རྒྱ་ཕིབས་ལྟར་མཐོ་ཞིང་བརྗིད་པ་ཞིག

མཐོ་ཞིང་བརྗིད་པའི་རྒྱབ་གཟུགས་ཀྱིས།

སྐྱེ་འཆི་འདོམ་གྱིས་འཇལ་བྱུང་།

ང་ཚོགས་ལ་འགྲོ་དུས།

ཚོགས་གྲལ་ནས་ཨ་ཕ་ཐེངས་རེར་དྲན་བཞིན་ཡོད།

བསྔོ་སྨོན་དང་གསོལ་འདེབས་སྙིང་ལ་བཅུག།

རྒྱང་རིང་ནས་གྲགས་ཤིང་འོང་བའི་གཡེར་དྲིལ་སྒྲ་དབྱངས་ཀྱིས།

ཨ་ཕ་དྲན་པའི་གདུང་བ་བསླངས།

མཐོང་ལམ་བསྒྲིབས་པའི་རྒྱ་ཕིབས་དེས།

ང་རང་མྱ་ངམ་ཐང་དུ་བསྐྱུར་སོང་།

ཨ་ཕ་འདས་ནས་ཡུན་རིང་འགོར་རུང་།

ངའི་དྲན་གདུང་རྒས་མ་ཐུབ།

ངའི་དྲན་པ་ཡོད་ཚད་ཁྱོད་ལ་ཕྱོགས་ཏེ།

“འཇིག་རྟེན་འདི་ན་ཕ་ཞིག་དགོས།

ཕ་མེད་ན་རི་སྤྱང་འཁྱམ་པོ་བཞིན།”



  • ལེ་ཚན་སྔོན་མ།:གཤིས་མི་རྟག་བསམས་ན་ཡིད་རེ་མུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།