རླབས་ཆེན་ནི་ཕལ་བ་ལས་བྱུང་། ཕལ་བ་ཡིས་རླབས་ཆེན་སྐྱོང་བ་ཡིན།

ཨོ་རྒྱན་གྱིས་བསྒྱུར།        2022-07-28

       ཞི་ཅིན་ཕིང་གིས། དཔའ་བོ་དཔེ་བཟང་ཚོས་བྱ་སྤྱོད་ཐོག་ནས་རླབས་ཆེན་ནི་ཕལ་བ་ལས་བྱུང་། ཕལ་བ་ཡིས་རླབས་ཆེན་སྐྱོང་བ་ཡིན་པའི་གནས་ལུགས་སླར་ཡང་ར་སྤྲོད་བྱས་ཡོད། ཕུགས་འདུན་གྱི་དད་སེམས་བརྟན་པོ་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་ཡོད་ཅིང་། ཏན་ཏན་ཏིག་ཏིག་གིས་སྤྱིར་བཏང་གི་བྱ་བ་རེ་རེ་ཡག་པོ་བསྒྲུབས་ན། མི་ཕལ་བ་ཡོད་ཚད་ལ་ཕལ་བ་མིན་པའི་མི་ཚེ་ཐོབ་ཐུབ་པ་དང་། སྤྱིར་བཏང་གི་ལས་དོན་ཐམས་ཅད་ཀྱིས་སྤྱིར་བཏང་མིན་པའི་གྲུབ་འབྲས་གསར་སྐྲུན་བྱེད་ཐུབ་པ་རེད་ཅེས་གསུངས།

     གསུང་འཕྲོས་དུམ་བུ་འདི་ནི2019ལོའི་སྤྱི་ཟླ9པའི་ཚེས29ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་རེད།

    “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔའ་བོ་དཔེ་བཟང་ཚོས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་དད་སེམས་བརྟན་པོ་དང་ཁྱིམ་ཚང་ཆུང་ཆུང་དོར་ནས་ཚང་མར་བློ་རྒྱ་ཆེན་པོ་བཅངས་ཏེ་རང་རང་སོ་སོའི་ལས་གནས་ཐོག་མིང་གྲགས་མེད་པའི་ལེགས་སྐྱེས་ཕུལ་བ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པར་བརྟེན། ཏན་ཏན་ཏིག་ཏིག་གིས་འབད་འཐབ་ལྷོད་མེད་བྱས་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁོང་ཚོ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་མཚོན་བྱེད་མི་སྣ་ཡིན་ལ། ལས་གནས་ཕལ་བ་བརྟན་སྲུང་དང་མི་ཚེ་གང་བོར་གསར་གཏོད་བྱེད་མཁན་གྱི་སྤྱིར་བཏང་བའི་མཚོན་བྱེད་མི་སྣ་ནི་དེ་བས་ཀྱང་ཡིན་པ་རེད། རྒྱལ་ཁབ་ཀྱི་ངོས་ནས་བཤད་ན་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་ཕལ་བ་དེ་དག་ཁྲོད་ཀྱི་དཔའ་བོ་དཔེ་བཟང་ལ་གཟེངས་བསྟོད་བྱེད་པ་འདི་ནི་ཁོང་ཚོར་གུས་འདུད་ཞུས་པ་ཞིག་ཡིན་ལ། ཁོང་ཚོ་དང་འདྲ་བར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་དཀའ་སྤྱད་འབད་བརྩོན་དང་མུ་མཐུད་ནས་འབད་འཐབ་བྱེད་མཁན་གྱི་སྤྱིར་བཏང་བར་བསམ་པའི་ཐོག་ནས་བསྔགས་བརྗོད་བྱས་པ་ཞིག་ཀྱང་ཡིན་པ་རེད།

     རླབས་ཆེན་ནི་ཕལ་བ་ལས་བྱུང་བ་དང་ཕལ་བ་ཡིས་རླབས་ཆེན་སྐྱོང་བ་རེད། རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཐུབ་མཁན་ནི་སྤྱིར་བཏང་གི་གསོག་འཇོག་ལ་བརྟེན་ནས་གྲུབ་པ་རེད། སེམས་ནང་ཕུགས་འདུན་ཀྱི་དད་སེམས་འཆང་ཞིང་། དཀའ་སྡུག་དང་ཉེན་ཁ་ལ་མི་སྐྲག་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་ལེགས་སྐྱེལ་ཕུལ་ནས་ལས་འགན་འཁུར་བའི་གནས་ལུགས་གསལ་བཤད་བྱས་ཡོད། མི་ཕལ་བ་ཚང་མས་རང་ཉིད་ཀྱི་སྤྱིར་བཏང་མིན་པའི་མི་ཚེའི་གྲུབ་འབྲས་ཐོབ་ཐུབ་པ་དང་། སྤྱིར་བཏང་གི་ལས་དོན་གྱིས་ཀྱང་དེ་བཞིན་དུ་སྤྱིར་བཏང་མིན་པའི་བྱས་རྗེས་བསྐྲུན་ཐུབ་པ་རེད། 

     ང་ཚོའི་དངོས་ཡོད་ཀྱི་འཚོ་བའི་ནང་དུ། མི་ཞིག་སྐྱེས་མ་ཐག་ནས་དཔའ་བོ་ཞིག་ཡིན་ལེ་མ་རེད། སློབ་མ་ཚོས“ཨ་མ་ཀྲང་ལགས”ཞེས་འབོད་པའི་ཀྲང་ཀུའེ་མེ་ལོ40ལྷག་གི་རིང་ལ་ཡུན་ནན་ནུབ་རྒྱུད་ཀྱི་དབུལ་པོ་ས་ཁུལ་དུ་གཞི་ཚུགས་ནས། རྒྱལ་ཡོངས་ཀྱི་སློབ་ཡོན་མི་དགོས་པའི་བུད་མེད་མཐོ་རིམ་སློབ་འབྲིང་དང་པོ་དེ་བཙུགས་པར་མ་ཟད། བུ་མོ་དབུལ་པོ1800ལྷག་ཙམ་ལ་རོགས་རམ་ཡང་བྱས་པ་རེད། མང་ཚོགས་སེམས་ནང་གི“ལུའེ་ཧྥུང་གསོན་པོ”ཞེས་མཚན་སྙན་ཡོད་པའི་ཝང་ལན་ཧྭ་ཡིས་སྡེ་ཁུལ་གྱི་གྲོང་མིའི་སེམས་ཁྲལ་དང་སྐྱོ་སེམས།སེམས་ནད་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སེམས་ནང་གི་དོན་ཆེན་ལ་བརྩིས་ནས་བརྩོན་སེམས་ཚོ་ཆུང་གི་ཁོངས་མི་ཁྲིད་དེ་གྲོང་མིར་རིགས་སྣ་ཚོགས་ཀྱི་དཀའ་གནད7000ལྷག་ཙམ་ཐག་གཅོད་བྱས་པ་རེད། “དེང་རབས་ཀྱི་ཡུས་ཀུང”ཞེས་མཚན་སྙན་ཡོད་པའི་ཧོང་ཏ་ཧྥ་ཡིས་ལོ36གི་རིང་ལ་གྲོང་སྡེ་ཡོངས་ཀྱི་གྲོང་དམངས་སྣེ་ཁྲིད་དེ་གཡང་གཟར་ཐོག་སྨི9400ལ་ཟིན་པའི་རང་བྱུང་ཆུ་ཡུར་ཞིག་བསྐྲུན་ཡོད། དངོས་གཉེར་དཀའ་སྒྲུབ་ཀྱིས་ཐོག་ནས“སྲོག་ལ་མི་འཛེམ་པར་ཆུ་ཁྲིད་པའི”དམ་བཅའ་ཟོལ་མེད་ཅིག་བཞག་པ་རེད།

     རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་སྙིང་སྟོབས་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག། ང་ཚོས་མི་ཕལ་བ་རེ་རེའི་ངོས་ནས་བཤད་ན། དཔའ་བོ་དཔེ་བཟང་མིག་དཔེར་བྱེད་པ་དང་། རང་ཉིད་ཀྱི་ལས་གནས་ཐོག་རྐང་པ་བཙུགས་ནས་ལས་རིགས་གཅིག་ལས་ན་ལས་རིགས་གཅིག་ལ་དགའ་ཞེན། ལས་རིགས་གཅིག་བསྒྲུབས་ན་དེ་རྩེ་གྲ་ཡོང་བར་བརྩོན་ལེན་བྱས་ཏེ་ལས་རིགས་སོ་སོའི་ཁྲོད་དུ་ངར་ཤུགས་སློང་བར་བྱས་ཏེ། སྤྱིར་བཏང་གི་ལས་གནས་ཐོག་རང་ཉིད་ཀྱི་སྤྱིར་བཏང་མིན་པའི་མི་ཚེ་གཏོད་པ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཡོང་བར་རང་ཉིད་ཀྱི་རིན་ཐང་གི་བྱས་རྗེས་འཇོག་དགོས།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཛམ་གླིང་གི་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།