ཇག་ལམ་རིང་མོ།

ཐོར་བུ།        2022-08-01

རི་ཚོགས་དག་ཤིན་ཏུ་ལྷིང་འཇགས་ངང་།

སྐྱ་ཐེར་ཐེར་ངང་མིག་ལམ་དུ་མངོན།

ཕར་ཁའི་གྲོང་རྡལ་དུ་

བུ་མོ་ཞིག་གིས་གླུ་ལེན་གྱིན་འདུག།

ཆར་པ་བབས་རྗེས།

བུ་མོ་དེ་གང་དུ་སོང་བ་མཐོང་མ་སོང་།

དེ་རྐྱེན་གྱིས།

བདག་གི་སྙིང་སྤར་བ་གང་བོ་འཐོར་སོང་།

མི་ཚོགས་དབུས་སུ་

འཕྱོ་བཞིན་པའི་སྐད་ཆ་དེས།

ང་རང་སིལ་བུར་གཏུབ་བཞག།

ཡིན་ན་ཡང་།

བདག་གི་གྲིབ་མ་ཁོ་ན།

ད་དུང་མི་ཚོགས་ཀྱི་དབུས་སུ་

ཡར་མར་འགྲོ་བཞིན་འདུག།

བདག་གི་ལག་པས།

རི་མོ་དེར་རེག་ཙམ་བྱས།

སྤྲིན་དཀར་རྒྱབ་ཏུ་བསྐྱུར་བའི་བུ་མོ་དེས།

ལ་གཞས་བརྗེད་ཟིན་ཨང་།

ད་དུང་། ཐང་སྟོང་ནས་རྙེད་པའི་གཡུ་དེ་

སྐེ་རུ་དཔྱང་འདུག།

ས་མཐའི་སྟག་ཤར་ཨ།

ཁྱོད་རང་རུལ་སོང་དུ་གྱུར་ཟིན་པས།

ད་ནི་བུ་མོ་དེར་སྐད་ཆ་ག་རེ་ལབ་ཨང་།

གངས་སྐོར་བ་ཚོ།

སིམ་སིམ་འཐོར་བའི་ཆར་པའི་ནང་དུ་

དད་པའི་འཇིངས་སུ་ཟུག་འདུག།

འགུལ་གྱིན་པའི་ཁ་ནས་

ཅི་ཞིག་བརྗོད་ཀྱིན་པ་མི་རྟོགས་ནའང་།

དེ་དག་གི་སེམས་སུ་

ཉི་ཟླ་སྐར་གསུམ་ཤིན་ཏུ་གསལ་བར།

ང་རང་ཡིད་ཆེས་ཡོད།

ནགས་འདབས་དེར།

བྱ་ཁྱུ་མང་པོ་བབས།

གཙང་བོའི་ཁར་འགྲེང་བའི་སྙན་ངག་པས།

མིག་ཆུ་གཏོང་གིན་ཉི་ནུབ་ལ་བལྟས་མཐར།

ནགས་འདབས་ཀྱི་བྱ་ཚོགས་དེ།

གང་དུ་འཕུར་སོང་བ་གཏན་ནས་མ་གོ།

རི་ཚོགས་ཀྱི་དབུས་སུ་ངའི་བླ་རི་

ཆང་གིས་བཟི་སོང་།

སྙན་ངག་པ་གླེན་པ་དེས།

ངའི་བླ་རི་མཐོང་དུས།

སྐད་ངན་བཏོན་ནས་བྲོས་འགྲོ་ནའང་།

ཁོ་རང་ངའི་བླ་རི་ལ་དགའ་བོ་ཡོད།

དེ་ནི་རི་ཚོགས་ཀྱི་བྱིན་རླབས་ཡིན་ནམ།

ངའི་བླ་རི་དེ་བརྗིད་དྲགས་པས་ཡིན།

ལག་པ་མང་པོས།

རྨི་ལམ་ཚན་པ་འགའ་འབྲི་བར་རྩོམ།

ཡིན་ན་ཡང་། གཉིད་ཡོད་པ་ནི་ང་རང་

ཁོ་ན་ག་ལ་ཡིན།

གཏམ་རྒྱུད་གཅིག་ལས་མེད་པའི་ལུང་པ་དེའི་

རླུང་གིས་སྐྱོམ་པའི་མཚོ་ངོས་སུ་ཉི་འོད་

ནི་ཅི་འདྲའི་གཉོམ་ཆུང་ཞིག་རེད།

ཡུན་རིང་འགུལ་བར་གྱུར་པའི་སྤྲིན་པ་དག་གིས་

མཚོ་ངོས་སུ་ལྟ་བཞིན།

རང་གི་མཛེས་སྡུག་ཉིད་རྒུད་ཀྱིན་པ་གཏན་

ནས་མ་གོ།

སེམས་རྩ་གཉོམ་པའི་རྫི་བོ་དེས།

ད་ནི། རང་ཉིད་བོར་བར་སྐྲག་ནས་ལ་གཞས་

བླང་རྒྱུའང་གཏིང་ནས་བརྗེད་དུ་གྱུར་འདུག།

༡༠

རི་བོ་དག་ཁེངས་དྲེགས་ཀྱིས་བཟི་སོང་།

སྤྲིན་པ་ཞིག་རྒྱང་ལ་བུད་སོང་།

ལམ་གྱི་འགག་འཕྲང་དེ་རུ་

མེ་ཏོག་དེས་ངལ་བ་ཁུར་ཏེ་

མཐོ་སར་ལྟ་བཞིན་འདུག།

ད་ལྟའི་ཡོད་ཚད་འཇིག་སོང་ནའང་།

མ་འོང་པ་ཁོ་ན་ཡིད་འོང་དུ་བྱ་ཆོག་ཟེར།

༡༡

རྟ་པ་དག་རྫ་སྒང་བརྒལ་ཏེ་མི་

མངོན་པའི་རྒྱང་རིང་དུ་ཆས།

མཁྲིག་མར་གསེར་གདུབ་གོན་པའི་ཨ་ཅག་དེས།

མིག་ཆུ་གཏོར་གྱིན། དེ་དག་ལ་མིག་སྐྱེལ་བྱེད།

མི་མངོན་པའི་རྒྱང་རིང་དུ་

དུང་སྒྲ་དེ་སླར་ཡང་གྲག་འོང་།

ལྷད་མེད་ངང་། ཡང་ན་མེ་ལྕེ་དང་ལྷན་དུ།

དེ་དུས། དཔའ་བོ་ཚོས་ཆུང་མ་དང་ཕྲུ་གུ་དྲན།

ཤིན་ཏུ་རྒས་པའི་ཨ་ཕ་དང་ཨ་མ་དྲན།

༡༢

རླུང་མཚམས་མེད་དུ་ལྡང་འོང་།

ན་གཞོན་དེ་གཅེར་བུར་བུད་དེ།

མྱ་ངན་མཚོན་ཆེད་གཡང་གཟར་དུ་ལྕེབས།

ཆུ་ཡི་འཛེར་མ་མང་པོས།

ན་གཞོན་དེ་སིལ་བུར་གཏོར་དུས།

མི་མངོན་པའི་ཕ་ཡུལ་དུ་

བྱིས་པ་ཞིག་སྐྱེས།

༡༣

ཉི་མ་ནུབ་ཁ་དེར།

ཡང་ན། འཇིགས་རུང་གི་ས་སྲོད་དེར།

ནམ་མཁའ་རུ་བྱ་ཚོགས་མང་པོ་འཕུར།

མིག་ལྡོངས་བའི་རྟ་པ་དེས།

རང་གི་བུ་བོར་བ་གོ་རྗེས།

རལ་གྲི་ཆུ་ལ་བཤལ་ཏེ་

རང་ཉིད་བོར་དུ་བཅུག།

༡༤

མི་ཚོགས་ཀྱི་དབུས་སུ་

ཁྱོད་ཀྱི་སྙན་ངག་ཚན་པ་

གཅིག་གྱེར།

སྙན་ངག་དེའི་མིང་ལ

“སྡང་མིག་ཐེངས་གཅིག་

གི་རྗེས་སུ”ཟེར།

ངས་སྙན་ངག་དེ་ཐོབ་རྗེས།

ཡོད་ཚད་རླུང་ལ་བསྐུར་ཏེ།

འོད་ཟེར་ཁོ་ནར་ལག་སྙོབ་བྱས།

༡༥

སྒྲུང་པ་ལུས་ངན་དེས།

མཚན་མོ་རེ་རེར་གླུ་བླངས་ནའང་།

སུས་ཀྱང་མི་མཐོང་བ་ནི་

ཁོའི་གདོང་གི་མཚེའུ་དེ་རེད།

དུས་རྒྱུན་ཕྱི་དྲོར་འཁྱིལ་འོང་བའི་མཚེའུ་དེས།

ཤི་ཟིན་པའི་ཆུང་མའི་ཟས་སྟོན་དུ་

སྒྲུང་པ་ལུས་ངན་དེས།

ནམ་ཡང་ཆད་མ་མྱོང་ནའང་།

ཤི་ཟིན་པའི་ཆུང་མ་དེས།

ཁོ་རང་ལ་ག་རེ་བཞག་ཡོད།

༡༦

རྩྭ་ཐང་དེར་མིང་གཞན་ཞིག་ཡོད།

ཁ་ཐུག་ཁ་ཐུག་ལ་མིང་དེ་མི་དྲན་ནའང་།

ད་ལྟ། རྩྭ་ཐང་དེར་མི་མང་པོ་མེད།

དཔྱིད་ཁ་ཚེས་དུས།

རྩྭ་ཐང་དེར་མི་ཧ་ཅང་ཉུང་།

༡༧

མཚོ་ནང་དུ་དཔྱང་བའི་ཡལ་ག་དེ་དག།

ཁྱིམ་ཕུག་རྡིབ་པའི་བྱིས་པ་དེ་དག།

བདག་གི་སྐྲ་གསེབ་ཏུ་འཐིམ་པའི་རྡུལ་དེ་དག།

རྒྱུ་སྐར་འོག་གི་རྨི་ལམ་དེ་དག།

མེ་ལོང་ངོས་སུ་རིམ་གྱིས་ཐིམ་སོང་།

ཁྱོད་ཀྱིས་འབོད་བཞིན་པའི་སྐད་ངག་གིས་

སའི་གོ་ལའི་རྒྱབ་ཀྱི་མི་རིགས་ཚོ་

ཐལ་བར་བརླག་སོང་།

དེ་རྐྱེན་གྱིས་ང་རང་།

མཐའ་ཡས་པའི་རི་ཚོགས་ལ་དགའ།

ཡིན་ནའང་།

མཐའ་ཡས་པའི་རི་ཚོགས་ཀྱིས་

ང་ལ་འཛུམ་སྟོན་མི་སྲིད།

༡༨

རྐང་རྗེས་ཡལ་སོང་།

ལན་བུའི་སྣེ་མོར་འབྱར་བའི་ཆུ་ཐིགས་དེ།

ཉི་འོད་མེད་པ་ནས་བཟུང་།

མདངས་ཡལ་སོང་།

དེ་ནས་བཟུང་རྐང་རྗེས་ཡལ་སོང་།

ལུག་ཁྱུ་སྤྲིན་དཀར་ལ་འཁྲུལ་སའི་ཕ་ཡུལ་གྱི་

ཞེ་ཆགས་སའི་རི་ཚོགས་ཁོ་ནས་

ང་ལ་གཅེས་ཕྲུག་ཅེས་འབོད།

༡༩

མིག་གཉིས་ལྡོངས་སོང་།

རྒྱ་མཚོའི་རླབས་འཇགས་སོང་།

ཁྱོད་ཀྱི་ཁ་གཏད་དུ་འགྲེང་བའི་ཞིང་བ་དེས།

གླུ་གཅིག་བླངས། ཐལ་འཕྱུར་བའི་དགུན་ཁ་དེར།

སོར་གདུབ་བོར་བའི་བུ་མོ་དེ།

ཞེ་འཁྱགས་དྲག་པས། མི་ཚོགས་དང་རིང་དུ་གྱེས།

༢༠

གནམ་ངོས་སུ་སྤྲིན་པ་ཁྱོན་ནས་མི་འདུག།

ཁྱོད་ཀྱིས།གཉིད་སོང་བ་ནི་བདེ་སྐྱིད་ཡིན་ནོ་ཟེར།

ཟླ་བ་གཉིས་ཀྱི་སྔོན་ནས། ང་རང་གཏན་

ནས་གཉིད་ཟིན།

ཅི་ཡང་མེད་པའི་སྟོང་པའི་ནང་དུ་

ང་རང་གཏན་ནས་སད་ཐབས་བྲལ།

༢༡

མེ་ཏོག་ཨ། ཆུ་བོ་ཡེ། ནགས་ཚལ་ཡ།

བདག་གི་ན་ཟུག་ཁོ་ན།

ཡི་གར་འོང་བའི་གླེའུ་ཡིན་འོས།

བྱེའུ་ཚོས།

གདུང་འབོད་བྱེད་ཀྱིན་

མཚོ་མཐའ་རུ་འཕུར་སོང་།

དེ་ནས་བཟུང་གྲིབ་མ་བོར་བའི་བདག་གིས་

མི་ལ་རས་པའི་མགུར་དེ་ཡང་ཡང་བླངས།

༢༢

མཚོ་ཇག་ཚོས།

བདག་གི་རྨོངས་པ་བཅོས།

ཁྱོད་ཀྱི་ད་དུང་།

ང་ནི་ན་ནིང་གི་མི་དེ་མིན་པ་རྟོགས་མེད།

ཡིན་ནའང་།

སྤྲིན་པ་འགུལ་བཞིན་པའི་རྣམ་པར་ལྟོས་དང་

ང་ནི་ན་ནིང་གི་མི་དེ་མིན་པ་རྟོགས་འོང་།

༢༣

མེ་ལོང་ཆག་སོང་།

དེ་ངོགས་ཀྱི་བུ་མོ་ཤི་སོང་།

སྒེའུ་ཡོལ་བརྒྱབ་པའི་ཁང་པ་དེར།

སྦྲང་མ་ཚོས་གླུ་ལེན་གྱིན་འདུག།

སྟོང་ཟིན་པའི་འཇའ་ཚོན་དེས།

ང་རང་གཏན་ནས་བསླུ་མི་སྲིད།

༢༤

རོལ་མོ་གཏུམ་པོ་དེས།

ང་རང་བསད་ཟིན་ནའང་

ངའི་རྣམ་ཤེས་ཁོ་ན་གསོད་ཐབས་བྲལ།

ཁྱོད་ཀྱིས་ལྟོས་དང་།

རོལ་མོ་གཏུམ་པོ་དེ་གཞི་ནས་

བདག་གིས་མིག་གཉིས་ཡིན་པས།

ང་དང་འབྲལ་ཐབས་ག་ལ་ཡོད།

༢༥

མཚན་མོའི་འཇིངས་སུ་ལྐོག་ལྟ་བ་

མང་པོ་ལྷན་དུ་འདུས།

ཁ་ཐུག་ཁ་ཐུག་ལ།

ལྐོག་ལྟ་བ་ཚོས།

མཐོན་པོར་དཔྱང་བའི་ཟླ་བ་དང་།

དེའི་ཉེ་འཁོར་གྱི་རྒྱུ་སྐར་དག་ལ་ལྐོག་ལྟ་བྱེད་དུས།

ཁྱོད་ཀྱིས། རང་ཉིད་བོར་ནས།

ཆུ་ཟོམ་ནང་གི་རྡོ་བ་ལ་ལག་སྙོབ་བྱེད་ཀྱིན་འདུག།

མུན་པའི་འཇིངས་སུ་ལྐོག་ལྟ་བ་

ཚོས་ཀི་རིང་འདེབས་དུས།

ཁྱོད་རང་ད་དུང་གཉིད་བསྡད་ཡོད་རྐྱེན།

ང་རང་ཤིན་ཏུ་ངོ་ཚ་དགོས་བྱུང་།

༢༦

མིག་ལྡོངས་བར་འགྱུར་བའི་ཁྱོད་ཀྱིས་

ཅི་ཡང་མི་མཐོང་དུས།

སེམས་སུ་ལྕི་དྲགས་པའི་མུན་པ་འཐིབ་འོང་།

གདོན་མའི་ནགས་ཚལ་དེ་མེ་རུ་འབར་བ་བཞིན།

དེ་དུས། ཁྱོད་ཀྱིས་མཚམས་མཚམས་སུ་

མེད་འགྲོ་བའི་ང་རང་ཤིན་ཏུ་དྲན་ངེས།

ད་ལྟའི་ཁ་ཕྱོགས་བོར་བའི་གཙང་པོ་ངས།

རྒྱང་རིང་རྒྱང་རིང་གི་སྒོ་མོ་མཐོང་བྱུང་།

༢༧

སྒྲུང་རིང་དེ་དེ་ལྟར་འཆད་པར་ང་མི་དགའ་སྟེ།

ལྷོག་ལྷོག་གདུ་བའི་ཞེ་སྡང་དེ་བྱམས་སེམས་

སུ་བསྒྱུར་འདུག།

གཙོ་བོ། མི་ཚོ་ལ་རལ་བ་ཡོད།

ཡ་མི་ང་བའི་དཔའ་སྤོབས་ཡོད།

དེ་དག་ཟབ་སར་སྦས་ནས་སྒྲུང་འཆད་དུས།

ངས། ཁྱོད་ནི་གཏིང་རུལ་བའི་ཤིང་སྡོང་

ཞིག་ཡིན་པ་ཚོར་བྱུང་།

༢༨

སྐྱེ་བ་ཐེངས་འགའི་རྗེས་སུ་མེ་ལོང་

དེ་གས་ཆག་ཏུ་འགྱུར་སྲིད།

མེ་ལོང་དེ་གས་ཆག་ཏུ་གྱུར་དུས།

ཁྱོད་ཀྱི་ངོ་གདོང་དེ་ཡང་གས་ཆག་ཏུ་འགྱུར་སྲིད།

གས་ཁ་དག་ལས་གཞོན་དུས་ཀྱི་འཁྲུལ་

སྣང་བསྟན་འོང་།

སྐབས་དེར་ཁྱོད་ཀྱིས། ང་ཁོ་ན་བྱིས་པ་ཡིན་

པ་རྟོགས་འོང་།

༢༩

ངའི་མུན་ཁང་དུ་གཡུ་སྔོན་པོའི་

རོ་སྒམ་ཞིག་མངོན་བྱུང་།

བསླུ་བྲིད་ཀྱི་ལྕེ་རྣོན་པོ་དེས

ང་རང་གཡར་གཟར་དུ་འཁྲིད་ཀྱིན་འདུག།

ཡལ་ག་དེའི་གྲིབ་མ་ཚོ།

འཆིང་ཐག་ཏུ་གྱུར་རྗེས།

ང་རང་གཏན་དུ་ཁྱོད་ཀྱི་བཙོན་པ་རུ་འགྱུར་སྲིད།

ངའི་མུན་ཁང་དུ་

སྤྲིན་པ་དཀར་པོ་དེ་སོལ་བ་རུ་གྱུར་སོང་།

གདོང་དུ་སྐག་ཚོས་མེད་པའི་ཡུགས་མོ་དེས།

ང་རང་གཏན་དུ་མ་སད་ན།

བདེ་བ་ཅན་གྱི་ལུས་སྐལ་དེ་བློས་བླངས་བྱ་ངེས།

༣༠

རྨི་ལམ་ཚན་པ་དེས།

ཁྱོད་ལ་འགྲེལ་བཤད་སྣ་ཁ་གསུམ་བརྒྱབ་རྗེས།

ངས། ཁྱོད་རང་གཏད་ནས་མཐོང་མ་མྱོང་།

ནུབ་པར་འགྱུར་པའི་རྒྱང་རིང་གི་མཚམས་དེར།

ངས་རྐང་རྗེས་གསུམ་བཞག་རུང་།

སླར་ཡང་རྨི་ལམ་ལས་ལྡང་དུས།

རྐང་རྗེ་དེ་དག་མཐོང་མི་སྲིད་པས།

ངས། འདི་དག་རྨི་ལམ་ཡིན་སྙམ་ཡོད།

༣༡

མཐའ་ཡས་པའི་རྨི་ལམ་དུ་གསང་

བ་དག་སྣ་ཚོགས་སུ་སྣང་འོང་།

དེ་ལྟ་ནའང་།

མཚོ་མཐར་སྡོད་ཁང་མེད་པའི་ང་ཁོ་ན།

མཚམས་མེད་དུ་འགུལ་བཞིན་པའི་གསང་བ་

ཚོས་གཏན་ནས་སྒུལ་མ་ནུས།

༣༢

རྒྱང་རིང་གི་མཚམས་དེར་རྒྱལ་སྲས་

དེས། དཔའ་ངར་དང་ཞེ་སྡང་ལ་

འཐབ་ནས་རང་གི་དགའ་མ་དང་

ལྷན་དུ་གཉིད་ལས་སད།

སྤྲིན་པ་འགུལ་བཞིན་པའི་འོག་ཏུ་

རྒྱ་མཚོ་ཆུང་ཆུང་ཞིག་མཆིས།

དེའི་ངོགས་སུ་རྒྱལ་སྲས་ཞེས་པའི་ཐ་སྙད་ཅིག་

བྱེ་མའི་ནང་དུ་བྲིས་འདུག།



  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།