ལི་ཐང་རྫོང་གིས་དམག་མི་བྱས་རྗེས་ཅན་གྱི་ཁྱིམ་མིར་རྟེན་འབྲེལ་ཞུས།

ཨོ་རྒྱན་གྱིས་བསྒྱུར།        2022-08-02

    ལི་ཐང་རྫོང་གིས་དམག་མི་བྱས་རྗེས་ཅན་གྱི་ཁྱིམ་མིར་རྟེན་འབྲེལ་ཞུས།

    སྤྱི་ཟླ7པའི་ཚེས26ཉིན། ལི་ཐང་རྫོང་ཨུ་དང་རྫོང་མི་དམངས་དྲག་ཆས་པུའུ། དེ་བཞིན་རྫོང་དམག་ཞབས་ནས་འཐེན་པའི་དམག་མི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་བཅས་ཀྱིས་འཚམས་འདྲི་ཚོ་ཆུང་བཙུགས་ཏེ། དཔུང་སྡེར་བྱས་རྗེས་རིམ་པ་གསུམ་པ་བཞག་པའི་དམག་མི་བསོད་ནམས་ཡོན་ཏན་གྱི་ཁྱིམ་དུ་ཕྱིན་ནས་དམག་ཁོངས་ནས་བྱས་རྗེས་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། དམག་གི་བྱས་རྗེས་མཚོན་རྟགས་དང་འཚམས་འདྲིའི་དངུལ་བཅས་ཕུལ་བར་མ་ཟད། ཁོའི་ཕ་མ་ལ་ཁ་དར་དཀར་པོ་ཕུལ་ནས་རྟེན་འབྲེལ་ཞུས་པ་རེད།

     འཚམས་འདྲི་ཚོ་ཆུང་དང་བསོད་ནམས་ཡོན་ཏན་གྱི་ནང་མི་བར་བྱམས་བརྩེའི་ངང་ནས་གླེང་མོལ་བྱས་ཤིང་། ཁོའི་ཕ་མ་གཉིས་ལ་དཔའ་བོ་མི་སྣ་གསོ་སྐྱོང་བྱས་ནས་དམག་དཔུང་དུ་མངགས་པར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། བུ་ཡི་ལས་ཀར་མུ་མཐུད་རྒྱབ་སྐྱོར་བྱས་ནས་བུ་ཡིས་བྱས་རྗེས་གསར་པ་གཞག་རྒྱུའི་རེ་བ་ཡོད་ཅེས་ཞུས་པ་རེད།

     བསོད་ནམས་ཡོན་ཏན་གྱི་ཨ་མ་ཚེ་དབང་སྒྲོལ་མས་སེམས་འགུལ་ཐེབས་པའི་ངང་ནས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། རྟེན་འབྲེལ་ཞུ་བའི་གཟེངས་རྟགས་ཁྱིམ་དུ་བསྐྱལ་བས། ང་ཚོ་ནང་མི་ཚང་མ་གཟི་བརྗིད་དང་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ང་ཚོས་བུས་དཔུང་སྡེར་དམག་ཁོངས་ནས་ཞབས་ཞུ་བྱེད་བཞིན་པ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན”ཞེས་བཤད་པ་རེད།

     ལི་ཐང་རྫོང་གིས་དམག་མི་བྱས་རྗེས་ཅན་ལ་གཟེངས་བསྟོད་ཐོབ་སྐབས། དུས་ཐོག་ཏུ་དམག་མིའི་ཁྱིམ་དུ་བསྐྱོད་ནས་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་ཤིང་གོང་དུ་བཀུར་བཞིན་ཡོད་པས། ཕ་ཡུལ་གྱི་མི་རབས་ཁྲོད་དུ་སྐད་གྲགས་བཞག་ནས་རྒྱལ་གཅེས་དམག་བཀུར་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་ཞུ་བའི་ལས་རིགས་ཤིག་ཏུ་གྱུར་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁུལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ཁམས་ཨོ་ཐོག་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་རིག་གནས།
  • དོ་སྣང་ཆེ་བའི་རྩོམ།